རྒྱ་ནག་གཞུང་གིས་གཞུང་གི་ལས་བྱེད་ཚོར་ཀུ་ཤུ་ཁ་པར་ལས་ཀའི་ཁོར་ཡུག་ནང་བེད་སྤྱོད་མི་ཆོག་པ་བཟོས་འདུག
རྒྱ་ནག་གཞུང་གིས་གཞུང་གི་ལས་བྱེད་ཚོས་ཨ་རིའི་ཀུ་ཤུ་ལག་འཁྱེར་ཁ་པར་ལས་ཀ་སོགས་སུ་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ནས་བཀག་སྡོམ་བྱས་འདུག
- 2023-09-06
-
-
-
དེ་ཡང་ཨ་རིའི་(Wall Street Journal)་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བཀའ་རྒྱ་ཕབ་ནས་གཞུང་གི་ལས་བྱེད་ཚོས་ཨ་རིའི་ཀུ་ཤུ་ལག་འཁྱེར་ཁ་པར་གཙོས་ཕྱི་རྒྱལ་གྱི་ལག་འཁྱེར་ཁ་པར་དང་སྒྲིག་ཆས་གཞུང་གི་ལས་ཁུངས་ཁག་ཏུ་བཀོལ་སྤྱོད་བྱེད་མི་ཆོག་པ་མ་ཟད། གཞུང་གི་ལས་ཁུངས་ཁག་ནང་འཁྱེར་ཡོང་མི་ཆོག་པ་བཟོས་ཡོད་འདུག བཀའ་རྒྱ་དེ་ནི་གོང་རིམ་ནས་གཤམ་གྱི་ལས་བྱེད་པར་བཏང་ཡོད་པ་དང་། བཀའ་རྒྱ་དེའི་ཁྱབ་ཁོངས་ག་འདྲ་ཞིག་ཡོད་མེད་ད་དུང་གསལ་ཁ་མེད་པ་རེད་འདུག
རྒྱ་ནག་གཞུང་གི་བཀག་སྡོམ་དེ་ནི་ཀུ་ཤུ་འཕྲུལ་ལས་ཁེ་གཉེར་ཁང་གིས། བདུན་ཕྲག་རྗེས་མར་ད་ལོའི་ཀུ་ཤུ་ལག་འཁྱེར་ཁ་པར་ཐོན་གསར་ཤོས་ཚོང་འགྲེམས་བྱེད་རྒྱུའི་སྔོན་དུ་གསལ་བསྒྲགས་བྱས་པ་ཞིག་ཡིན་དུས། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག་ལ་སོང་དང་འགྲོ་བཞིན་པ་དེས་ཀུ་ཤུ་འཕྲུལ་ལས་ཁེ་གཉེར་ཁང་གཙོས་པའི་ཕྱི་རྒྱལ་གྱི་ཁེ་གཉེར་ཚོང་ལས་ཁང་ཁག་གིས་རྒྱ་ནག་ནང་གི་ཚོང་ལས་ལ་སེམས་ཁྲལ་མི་བྱེད་རང་བྱེད་ཆགས་ཡོད་པ་གནས་ཚུལ་ནང་བཀོད་འདུག
གནས་ཚུལ་དེའི་ནང་། ཀུ་ཤུ་ཁ་པར་གཅིག་པུ་མ་གཏོགས་ལག་འཁྱེར་ཁ་པར་གཞན་གྱི་མིང་རྟགས་གླེང་མེད་པ་དང་། གནད་དོན་དེའི་ཐད་ཀུ་ཤུ་ལག་འཁྱེར་ཁ་པར་ཁེ་ལས་ཁང་དང་རྒྱ་ནག་གཞུང་གཉིས་ཀས་རོའུ་ཡེ་ཊར་སི་གསར་ལས་ཁང་གི་དྲི་བར་ལན་འདེབས་བྱས་མི་འདུག
ཉེ་བའི་ལོ་ཤས་ནང་ཨ་རི་དང་རྒྱ་ནག་གཉིས་ཀས་ཕན་ཚུན་ཚན་རིག་ལག་རྩལ་མཐོ་ཤོས་རིགས་ཀྱི་ཐོན་རྫས་ཁག་ཅིག་མཁོ་སྤྲོད་བྱེད་རྒྱུ་བཀག་སྡོམ་བྱེད་རེས་བྱས་ཡོད་པ་དང་། ཉེ་ལམ་ཨ་རིའི་ཚོང་ལས་དྲུང་ཆེ་རེ་མོན་ཏོ་རྒྱ་ནག་ནང་གཞུང་དོན་འཚམས་གཟིགས་སྐབས། རྒྱ་ནག་ནང་ཡོད་པའི་ཨ་རིའི་ཁེ་ལས་ཁང་དག་གིས་རྒྱ་ནག་ནང་མ་རྩ་འཛུགས་ཐབས་མེད་པ་ཆགས་འདུག་ཅེས་འཁང་ར་བྱས་ཚུལ་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོ་དང་གྲོས་མོལ་སྐབས་བཤད་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།