བོད་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་ལ་དམ་བསྒྲགས་དེ་བས་ཆེ་རུ་གཏོང་རྒྱུ་རེད་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་དབྱིང་ཇེས་དྲ་རྒྱའི་བདེ་འཇགས་ལས་དོན་གྱི་ཚོགས་འདུའི་ཐོག་དྲ་ལམ་བརྒྱུད་བོད་ནང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་སྤེལ་རྒྱུ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་འབོད་ཀྱིས་ཆོས་ལུགས་ལ་བརྟེན་ནས་བཟོས་པའི་ཤུགས་རྐྱེན་ངན་པ་མེད་པ་བཟོ་དགོས་ལུགས་ནན་བརྗོད་བྱས་འདུག
གཞི་རྐང་རྒྱ་ནག་ཁྱོན་ཡོངས་ནས་དྲ་རྒྱའི་བདེ་འཇགས་ཐད་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཅིང་། ལྷག་པར་དུ་བོད་ནང་དེ་བས་དམ་དྲག་ཆེན་པོ་ཡོད་པར་མ་ཟད། ཕྱི་ཟླ་ ༡༠ ཚེས་ ༡༠ དང་ ༡༡ ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ་༢༠༢༡ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་ཟེར་བ་དོན་དུ་དྲ་རྒྱའི་དམ་དྲག་གི་རྣམ་གྲངས་གསར་པ་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་བྱེད་སྒོའི་ཚོགས་འདུ་ཞིག་འགོ་འཛུགས་བྱས་འདུག
ཚེས་ ༡༡ གི་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་དབྱིང་ཇེས་ཞེ་ཅིང་ཕིང་གཏམ་བཤད་ལ་སློབ་སྦྱོང་དགོས་པ་བརྗོད་པའི་ཐོག་བོད་མི་རིགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ལུགས་འཆར་ཅན་གྱི་གཞུང་འབྲེལ་གཏམ་བཤད་སོགས་བྱས་པའི་སྐབས། བོད་ནང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་སྤེལ་རྒྱུ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་འབོད་ཐོག་ཏཱ་ལ་སྐུ་ཕྲེང་བཅུ་བཞི་པས་ཆོས་ལུགས་ལ་བརྟེན་ནས་བཟོས་པའི་ཤུགས་རྐྱེན་ངན་པའི་དར་ཆ་གསལ་སྟོན་གྱིས་མེད་པར་བཟོ་དགོས་པ། མང་ཚོགས་ཚོར་ཆོས་ལུགས་ཀྱི་ཕན་ཐོགས་མེད་པ་འགྲེལ་བརྗོད་ཐོག ཆོས་ལུགས་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་བ་སོགས་ཀྱི་སློབ་གསོ་སྤེལ་དགོས་པ་བརྗོད་འདུག
ད་ལྟའི་དུས་རབས་ནི་དྲ་རྒྱའི་དུས་རབས་ཤིག་ཡིན་པ་དང་། འཛམ་གླིང་ནང་མི་ཕན་ཚུན་འབྲེལ་མཐུད་ཀྱི་བྱ་གཞག་དང་། ཤེས་ཡོན། མང་ཚོགས་ཀྱི་ཤེས་རྒྱ་གོང་སྤེལ། གཞུང་དམངས་གཉིས་ཀྱི་ལས་དོན་སོགས་ཀྱི་དྲ་རྒྱ་བེད་སྤྱོད་ཤུགས་ཆེ་བྱེད་པའི་དུས་ཚོད་ཞིག་ཡིན་ན་ཡང་། བོད་ནང་དྲ་རྒྱ་ལོངས་སུ་སྤྱོད་རྒྱུར་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པར་མ་ཟད། བོད་མི་རྣམས་ཀྱིས་དྲ་རྒྱ་ལོངས་སུ་སྤྱོད་སྐབས་གཟབ་ནན་ཤུགས་ཆེ་མ་བྱས་ཚེ་མཐའ་ན་བཙོན་དུ་ཚུད་ཉེན་ཡོད་པའི་འཇིགས་སྣང་འོག་གནས་བཞིན་པ་གནད་དོན་དབྱེ་ཞིབ་མང་པོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
བོད་ནང་དྲ་རྒྱའི་གནས་སྟངས་གང་ལེགས་ཡོད་ན་ཡང་། དེ་དག་ནི་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་དམར་པོའི་ལྟ་བའི་སློབ་གསོ་སྤེལ་བའི་བརྒྱུད་ལམ་ལྟ་བུ་ཞིག་བཟོས་ཡོད་པ་རེད།
ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་ཚོགས་འདུ་དེའི་ཐོག ཝུ་དབྱིང་ཇེ་ཡིས་བོད་གསར་རྙིང་དཔྱད་བསྡུར་གྱི་སློབ་གསོ་རྒྱུན་སྲིང་ལྷོད་མེད་ངང་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་སྔར་བས་བརྟན་དུ་བཏང་ནས། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་དགོས་པ་བརྗོད་འདུག བོད་ཀྱི་རྒྱལ་ས་ལྷ་སར་གཟའ་འཁོར་འདིའི་རིང་སྤེལ་བའི་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་ཟེར་བའི་བྱེད་སྒོ་འདིའི་ཐོག་ནས་སྐད་འཕྲིན་བརྒྱུད་བོད་མིའི་ཉིན་རེའི་འཚོ་བ་དང་བསམ་བློའི་འཁྱེར་སྟངས་སོགས་གང་ཐད་ལ་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པ་བརྗོད་འདུག
བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚོས་སོ་སོའི་ནང་མི་སྤུན་ཉེ་དང་འབྲེལ་བ་བྱ་ཡུལ་གཙོ་བོ་ནི་ སྐད་འཕྲིན་ wechat ཡིན་ཞིང་། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་སྐད་འཕྲིན་གྱི་ནང་དོན་ཁག་ལ་ཡང་དེ་བས་ཞིབ་བཤེར་ནན་པོ་བྱེད་བཞིན་པར་བརྟེན། མཐའ་ན་ནང་མི་ཕན་ཚུན་དབར་འབྲེལ་བ་བྱ་རྒྱུར་ཡང་འཇིགས་སྣང་ཤུགས་ཆེ་བྱེད་དགོས་པ་བཟོས་ཡོད་པ་རེད། ལྷག་པར་དུ་སྐད་འཕྲིན་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་། གསུང་ཆོས་བཀའ་སློབ་སོགས་བཞག་ཡོད་པ་ཤེས་རྟོགས་འབྱུང་ཚེ། འཛིན་བཟུང་བཙོན་འཇུག་གི་ཉེས་ཆད་གཏོང་བཞིན་པའི་གནས་ཚུལ་མང་དག་བྱུང་དང་འབྱུང་མུས་ཡིན་པ་རེད།
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།