རྒྱ་ནག་གིས་རྒྱ་གར་གྱི་ལ་དྭགས་ས་མཚམས་ཉེ་འགྲམ་དུ་ས་མཚམས་བདེ་སྲུང་གྲོང་གསེབ་གསར་པ་ཞིག་འཛུགས་བསྐྲུན་བྱས་འདུག

གནས་ཚུལ་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ལོ་ནས་༢༠༢༢ལོའི་བར་ས་མཚམས་ཁུལ་དུ་བདེ་འཇགས་གྲོང་ཚོ་ཟེར་བ་༦༢༤ཙམ་གསར་བསྐྲུན་བྱས་ཡོད་པ་བཀོད་འདུག

འཕགས་བོད་ས་མཚམས་ནཱ་ཐོ་ལ་(Nathula) ༢༠༠༦ AP File

དེ་ཡང་རྒྱ་གར་གྱི་(Deccan Chronicle)་ཞེས་པའི་གསར་ལམ་གྱིས་ཕྱི་ཚེས་༢༨ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་ས་མཚམས་རྩོད་རྙོག་མུ་མཐུད་གནས་བཞིན་པའི་སྐབས་འདིར་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་ཀྱི་ས་མཚམས་ཁུལ་དུ་བདེ་འཇགས་གྲོང་ཚོ་ཟེར་བ་མུ་མཐུད་དུ་གསར་རྒྱག་བྱེད་བཞིན་ཡོད་པ་དང་། གནས་ཚུལ་ནང་བཀོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ལོ་ནས་༢༠༢༢ལོའི་བར་ས་མཚམས་ཁུལ་དུ་བདེ་འཇགས་གྲོང་ཚོ་ཟེར་བ་༦༢༤ཙམ་གསར་བསྐྲུན་བྱས་ཡོད་པ་དང་། བདེ་འཇགས་གྲོང་ཚོ་ཟེར་བ་བསྐྲུན་དགོས་དོན་དེ་ཡང་རྒྱ་གར་གྱི་ལ་དྭགས་དང་འབྲེལ་བའི་རྒྱ་ནག་གིས་(LOC)་བརྗོད་པའི་དངོས་ཡོད་སྟངས་འཛིན་ས་ཐིག་སྲ་བརྟན་གཏོང་རྒྱུའི་ཆེད་དུ་ཡིན་པ་དང་། རྒྱ་ནག་གི་མི་དམངས་བཅིངས་གྲོལ་དམག་དཔུང་གིས་ས་མཚམས་ཁུལ་དུ་སླར་ཡང་བདེ་འཇགས་གྲོང་ཚོ་ཟེར་བ་གསར་པ་ཞིག་བསྐྲུན་ཡོད་པའི་སྐོར་བཀོད་འདུག
ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་འཐབ་བྱུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཁང་གིས་ད་ལོ་ཕྱི་ཟླ་ལྔ་པའི་ནང་འཐབ་བྱུས་གནས་ཚུལ་སྐོར་གྱི་མཁས་བའི་བགྲོ་གླེང་ཐོག་རྒྱ་ནག་གི་ས་མཚམས་ཁུལ་དུ་བསྐྲུན་པའི་བདེ་འཇགས་ཀྱི་གྲོང་ཚོ་ཟེར་བ་དེ་ཚོ་དམག་དོན་དང་དམངས་ཁྲོད་གཉིས་ཀར་བེད་སྤྱོད་ཐུབ་པའི་རྨང་གཞིའི་འཛུགས་སྐྲུན་ཞིག་ཡིན་པ་དང་། རྒྱ་ནག་གི་བདག་དབང་ཐོག་རྩོད་གླེང་ཡོད་པའི་ས་མཚམས་ཁུལ་གྱི་ས་ཐིག་ཁ་གསལ་མེད་པའི་ས་བརྒྱུད་དུ་སྟངས་འཛིན་གྱི་བྱ་ཐབས་ཤིག་ཡིན་པའི་སྐོར་བརྗོད་ཡོད་པ་རེད།
རྒྱ་གར་གཞུང་གིས་ས་མཚམས་ཀྱི་གནས་སྟངས་ཕྱི་ལོ་༢༠༢༠ལོའི་གོང་གི་གནས་བབས་སུ་ཕྱིར་ལོག་བྱ་རྒྱུའི་དགོས་འདུན་བཏོན་བཞིན་ཡོད་ན་ཡང་། རྒྱ་ནག་གིས་དེར་ཁས་ལེན་བྱེད་ཀྱི་མེད་པ་རེད།
རྒྱ་ནག་གིས་ས་མཚམས་ཁུལ་དུ་བདེ་འཇགས་ཀྱི་གྲོང་ཚོ་གསར་པ་བསྐྲུན་པ་དེས་ས་མཚམས་ཀྱི་བདེ་འཇགས་གནས་བབས་སྲ་བརྟན་གྱི་དམིགས་ཡུལ་འཛིན་གྱི་ཡོད་པ་དང་། གྲོང་ཚོ་དེ་རིགས་གསར་བསྐྲུན་བྱས་ནས་རྒྱ་ནག་གིས་ཕྱོགས་གཅིག་ནས་དམག་དོན་འཐབ་བྱུས་འཛིན་གྱི་ཡོད་པ་དང་། དེ་དང་འབྲེལ་ཕྱུགས་རྫིའི་ལམ་ཟེར་བ་བརྒྱུད་ནས་ས་མཚམས་ཁུལ་དུ་སོ་ལྟ་དང་ལྟ་སྲུང་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས་བྱ་སྤྱོད་དེ་རིགས་ལ་ཁ་གཏད་གཅོག་ཆེད་རྒྱ་གར་གྱིས་ཀྱང་ས་མཚམས་ཁུལ་དུ་གྲོང་གསེབ་ཀྱི་ལས་གཞི་གསར་པ་ཟེར་བ་བསྐྲུན་ནས་དངོས་ཡོད་སྟངས་འཛིན་ས་ཐིག་ལས་བརྒལ་ནས་གནས་སྤོས་བྱ་རྒྱུར་འགོག་ཐབས་བྱེད་བཞིན་ཡོད་པ་དང་། ལས་གཞི་དེར་རྒྱ་གར་གྱི་མ་དངུལ་ཧིན་སྒོར་ཐེར་འབུམ་༢༤༢ཙམ་བཏང་ནས་གཞུང་ལམ་ཁག་༡༡༣བརྒྱུད་ནས་ཁྱོན་གྲོང་གསེབ་༡༣༦ལ་མཐུད་སྦྱོར་བྱེད་བཞིན་ཡོད་པ་རེད།


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org