བོད་མིའི་ཐེར་འདོན་ལ་ཉེན་རྟོག་པས་ཡ་ལན་སྤྲད་མེད་པ།

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྡེ་དགེ་རྫོང་ཁོངས་ཀྱི་སྨན་ཤོད་དུ་བོད་མི་ཚོས་རྒྱ་རིགས་ཚོང་པ་འགའ་ཤས་ཀྱིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་གླ་བ་ལྐོག་གསོད་བྱས་པའི་ཉེས་དོན་ས་གནས་སྲིད་གཞུང་ལ་ཡར་ཞུ་བྱས་ཡོད་ཀྱང་། གནད་དོན་ཆེན་པོ་གང་ཡང་མིན་ལུགས་བརྗོད་དེ་ཡ་ལན་མེད་པར་སྣང་མེད་དུ་བཞག་ཡོད་འདུག
དེ་ནི་ཟླ་བ་འདིའི་ཚེས་༢༢་ཉིན། སྡེ་དགེ་རྫོང་སྨན་ཤོད་མདའ་མ་ཡུལ་ཚོའི་རྩེད་ཐང་གྲོང་རྡལ་དུ་གནས་སྡོད་བྱས་པའི་རྒྱ་མི་ཚོང་པ་འགའ་ཤས་ཉེ་འཁྲིས་ཀྱི་ནགས་རི་ནས་མར་བབས་ཡོང་བ་ས་གནས་བོད་མི་ཁག་ཅིག་གིས་མཐོང་སྟེ། དེ་མ་ཐག་བོད་མི་ཚོ་ཞིབ་བཤེར་བྱེད་པརབསྐྱོད་སྐབས་རི་ངོས་ཞིག་ནས་ལྕགས་རྙིར་ཚུད་པའི་གླ་བ་ཤི་རོ་༡༣་ཙམ་དང་། བྱ་གོ་བོ་གཅིག་གི་རོ་རྙེད་ཡོད་པ་མ་ཟད། ནགས་ཁྲོད་བཞག་པའི་ལྕགས་ཀྱི་རྙི་ཐག་མང་པོ་རྙེད་སོན་བྱུང་ཡོད་པར་བརྟེན་བོད་མི་ཚོས་ས་གནས་སྲིད་གཞུང་དང་། ཉེན་རྟོག་པར་ཁྲིམས་མེད་ལུགས་མེད་ཀྱི་ཉེས་དོན་ཡར་ཞུ་བྱས་ཡོད་པའི་ཁར་ཉེས་ཅན་རྒྱ་མི་གཉིས་བྲོས་ཚར་ཡོད་ཀྱང་བཟའ་ཟླ་ས་གནས་སུ་ཡོད་པས་འཕྲལ་དུ་འཛིན་བཟུང་བྱེད་དགོས་པའི་རེ་སྐུལ་བྱེད་སྐབས། ཉེན་རྟོག་པ་ཞིག་གིས་གླ་བ་བསད་པ་དེ་ནག་ཉེས་ཆེན་པོ་གང་ཡང་མིན་ལུགས་དང་ཉེས་ཅན་བྲོས་ཚར་ཡོད་ན་ཡང་བཟའ་ཟླ་བྲོས་མེད་པར་བརྟེན་རྒྱ་སྐོར་༥༠་གཏའ་མར་འཇོག་རྒྱུ་མ་གཏོགས་འཛིན་བཟུང་དང་འདྲི་རྩད་བྱེད་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་འདུག
དེ་བཞིན་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ས་གནས་བོད་མི་ཞིག་གིས་གནད་དོན་དེའི་སྐོར་ས་གནས་མགོ་ཁྲིད་ཚོར་རེ་སྐུལ་ཡི་གེ་ཞིག་བྲིས་ཡོད་པའི་ནང་། ཕྱི་ཚེས་༢༢་ཉིན་གྱི་ཕྱི་དྲོ་ནས་ཕྱི་ཚེས་༢༣ཉིན་བར་དུ་ཁྱོན་གླ་རོ་༢༠་ལྷག་དང་། བྱ་གོ་བོ་ཞིག་གི་རོ་རྙེད་ཡོད་པ་དང་། ས་གནས་གཞན་དུ་ད་དུང་ཞིབ་བཤེར་བྱེད་ཐུབ་མེད་ལ་གླ་བ་ནི་འཛམ་གླིང་ཐོག་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང་། དེ་གསོད་མཁན་གྱི་ཉེས་ཅན་ལ་ཁྲིམས་ལུགས་བཞིན་ཉུང་མཐར་ལོ་༥ནས་༡༠བར་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་པ་མ་ཡིན་ནམ་སོགས་བྲིས་ཡོད་འདུག

གསར་འགོད་པ་འཆི་མེད་དང་བསོད་ནམས་ལྷ་མོ།