ཤིན་ཅང་ཟེ་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་དྲག་ཟིང་སྐོར།
རྒྱལ་ས་ཨུ་རུམ་ཆིའི་ནང་དུ་དྲག་པོའི་དོན་རྐྱེན་དེ་ཤིན་ཅང་གི་ས་ཁུལ་གཞན་དག་ནང་རྒྱ་ཁྱབ་ཆེ་རུ་མི་འགྲོ་བའི་སྔོན་འགོག་བྱེད་བཞིན་ཡོད་པ་རེད།
-
2009-07-07 -
-
-
༄༅༎དེ་རིང་རྒྱ་ནག་གི་ནུབ་ཕྱོགས་ཤིན་ཅང་ཟེར་བའི་ཤར་ཏུར་ཀི་སི་ཐན་གྱི་གྲོང་ཁྱེར་ཆེ་ཁག་མང་ཆེ་བའི་ནང་དུ་རྒྱ་ནག་གཞུང་གིས་སྲུང་སྐྱོབ་དམ་བསྒྲགས་བྱས་ཡོད་པ་དང་ཚོང་ལས་ཡོངས་རྫོགས་སྒོ་རྒྱབ་ཏེ་ད་རེས་རྒྱལ་ས་ཨུ་རུམ་ཆིའི་ནང་དུ་དྲག་པོའི་དོན་རྐྱེན་དེ་ཤིན་ཅང་གི་ས་ཁུལ་གཞན་དག་ནང་རྒྱ་ཁྱབ་ཆེ་རུ་མི་འགྲོ་བའི་སྔོན་འགོག་བྱེད་བཞིན་ཡོད་པ་རེད།
རེས་གཟའ་ཉི་མའི་ཉིན་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་དུ་ཁ་ཆེ་གྲངས་ཉུང་མི་རིགས་སྟོང་ཕྲག་འདུ་འཛོམས་ཀྱིས་ཞི་བའི་རྔམ་སྟོན་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་ཕྱོགས་ནས་ཁོང་ཚོའི་ཐོག་དྲག་པོའི་བྱ་ཐབས་འཛིན་པའི་རྗེས་ངོ་རྒོལ་བྱེད་མཁན་དང་དམག་མིའི་བར་དྲག་པོའི་གདོང་ཐུག་བྱུང་སྟེ་ཟིང་ཆའི་དོན་རྐྱེན་དེའི་ནང་མི་གྲངས་༡༥༦རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་ཐོན་པ་དེ་ནི་ད་བར་འདས་པའི་མི་ལོ་བཅུ་ཕྲག་མང་པོའི་རིང་ལ་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་གནས་པའི་ཤིན་ཅང་ས་ཁུལ་དེའི་ནང་བྱུང་མྱོང་མེད་པའི་དྲག་པོའི་འཐབ་རྩོད་ཀྱི་རྣོ་ངར་གཞི་རྒྱ་ཆེན་པོ་དེ་ལྟ་བུ་བྱུང་བ་ཐེངས་དང་པོ་ཡིན་ཞིང་དེ་རིང་རེས་གཟའ་མིག་དམར་ཉིན་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་དུ་གནས་སྡོད་རྒྱ་ཧའན་མི་རིགས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ལག་ཏུ་ལྕགས་ཧྲེང་སོགས་གོ་མཚོན་རིགས་འཁྱེར་ཏེ་ཤིན་ཅང་ཁ་ཆེར་དགྲ་ཤ་ལེན་གྱི་ཡིན་ཞེས་རྒྱ་ལམ་ཐོག་བསྐྱོད་པའི་སྐབས་ཉེན་རྟོག་པས་མིག་ཆུ་ཤོར་པའི་དུག་རྫས་གཏོར་ཏེ་ལས་འགུལ་བ་ཁ་གཏོར་གཏོང་ཐབས་བྱས་ཡོད་ཀྱང་གང་ལྟར་རྒྱལ་ས་ཨུ་རུམ་ཆི་ནང་དུ་ད་ཆ་ཤིན་ཅང་ཁ་ཆེ་གྲངས་ཉུང་མི་རིགས་དང་རྒྱ་ཧའན་མི་རིགས་གཉིས་བར་གྱི་འགལ་ཟླ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།
རྒྱ་ནག་གཞུང་གི་དཔོན་རིགས་ནས་བཤད་པར་རེ་ས་གཟའ་ཉི་མའི་ཉིན་ཁ་ཆེ་གྲངས་ཉུང་མི་རིགས་ཀྱིས་རྒྱ་ཧའན་མི་རིགས་ཐོག་རྒོལ་རྡུང་གཏོང་བའི་སྐབས་མི་བསད་པ་དང་གཏོར་རྒོལ་བཏང་བ།རྒྱུ་དངོས་འཕྲོག་བཅོམ་དང་མེར་བསྲེགས་གཏོང་མཁན་གྱི་བྱེད་ལྟེ་ཡིན་པའི་དོགས་གཞི་ཡོད་པའི་མི་གྲངས་ཆིག་སྟོང་བཞི་བརྒྱ་སུམ་ཅུ་སོ་བཞི་འཛིན་བཟུང་བྱས་ཡོད་པའི་སྐོར་བཤད་ཡོད་པ་དང་དེའི་བར་ལ་ས་གནས་ཀྱི་དཔོན་རིགས་ནས་རྒྱལ་ས་ཨུ་རུམ་ཆི་ནང་གི་འཕྲིན་གཏོང་དྲ་རྒྱ་ཡོངས་རྫོགས་མེད་པ་བཟོས་ཏེ་ཟིང་ཆའི་དོན་རྐྱེན་དེ་བཞིན་ས་ཁུལ་གཞན་དག་ནང་ཁྱབ་འཕེལ་མི་འགྲོ་བའི་བཀག་འགོག་བྱས་ཡོད་པ་རེད།