བོད་ཡིག་ཐོབ་ཐང་སྲུང་སྐྱོབ་ཀྱི་དགོས་འདུན་ཞུ་ཡིག་ཕྱིར་བསྒྲགས།

མཚོ་སྔོན་ནང་བོད་ཡིག་དང་དབྱིན་ཡིག་ཕུད་པའི་དེ་མིན་གྱི་སློབ་ཚན་ཡོངས་རྫོགས་རྒྱ་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་འཆར་གཞིར་མི་འདོད།

༄༅༎མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་དང་སློབ་ཕྲུག་སོགས་མི་གྲངས་༣༠༠ལྷག་ཙམ་གྱིས་ས་རྟགས་འཁོད་པའི་བོད་ཡིག་ཐོབ་ཐང་སྲུང་སྐྱོབ་ཀྱི་དགོས་འདུན་ཞུ་ཡིག་ཞིག་ཕྱིར་བསྒྲགས་བྱས་ནས་ཉེ་བའི་ཆར་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་པོའི་ནང་ཞིང་ཆེན་སློབ་གསོ་ཚན་པས་ མཚོ་སྔོན་ཞིང་ཆེན་ནང་བོད་ཡིག་དང་དབྱིན་ཡིག་ཕུད་པའི་དེ་མིན་གྱི་སློབ་ཚན་ཡོངས་རྫོགས་རྒྱ་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་འཆར་གཞིར་མི་འདོད་པར་ སློབ་ཕྲུག་སྟོང་ཕྲག་མང་པོས་ཁྲོམ་གཞུང་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་འབོད་སྐུལ་རྔམ་སྟོན་བྱས་པའི་ལས་འགུལ་ལ་རྒྱབ་སྐྱོར་གནང་ཡོད་པ་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་རིང་གཟའ་ལྷག་པའི་ཉིན་འབོད་སྐུལ་ཞུ་ཡིག་དེའི་ནང་དོན་དབྱིན་ཡིག་ཐོག་ནས་དྲ་རྒྱའི་ཐོག་ཕྱིར་བསྒྲགས་གནང་འདུག

གོང་ཞུས་འབོད་སྐུལ་ཞུ་ཡིག་དེའི་ནང་འཁོད་པར་ མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་སློབ་ཕྲུག་མང་པོ་ཞིང་པ་དང་འབྲོག་པའི་ས་ཁུལ་ནས་ཡོང་བ་ཡིན་པར་བརྟེན་ ཁོང་ཚོ་རྒྱ་ཡིག་སློབ་ཚན་གཙོ་བོར་བྱེད་སའི་སློབ་གྲའི་ཁོར་ཡུག་དེ་རིགས་ནང་སློབ་སྦྱོང་བྱེད་མྱོང་མེད་སྟབས་ མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁང་གིས་གལ་སྲིད་བོད་ཡིག་དང་དབྱིན་ཡིག་ཕུད་པའི་དེ་མིན་གྱི་སློབ་ཚན་རྣམས་རྒྱ་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་འཆར་གཞི་གཏན་འབེབས་བྱས་ཚེ་ ཞིང་ཆེན་དེའི་ནང་ཡོད་པའི་བོད་རིགས་སློབ་ཕྲུག་ཚོར་རྒྱ་ཡིག་ཐོག་ནས་སློབ་ཚན་གཞན་རྣམས་སློབ་ཁྲིད་བྱས་ཚེ་སློབ་ཚན་གོ་བ་ལེན་ཐུབ་རྒྱུ་ཁག་པོ་ཡིན་པ་མ་ཟད་ སློབ་ཁྲིད་བྱས་པའི་ནང་དོན་ཤེས་རྒྱུ་དེ་བས་ཁག་པོ་ཆགས་རྒྱུ་ཡིན་པ་དང་ སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ནི་དགེ་རྒན་གྱིས་མགྱོགས་མྱུར་དང་ལས་སླ་པོའི་ཐོག་ནས་ཤེས་རྟོགས་ཡོང་རྒྱུའི་ཐབས་ལམ་ཞིག་གི་ཐོག་ནས་སློབ་ཕྲུག་ཚོར་ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་དེ་ཡིན་ཞིང་ བོད་རིགས་སློབ་ཕྲུག་ཚོར་རྒྱ་ཡིག་སློབ་སྦྱོང་བྱེད་འཇུག་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ན་ཡང་ གཙོ་བོའི་སློབ་ཁྲིད་བོད་ཡིག་ཐོག་ནས་ཁྲིད་དེ་དེ་བས་གལ་འགངས་ཆེ་བ་ཆགས་ཀྱི་ཡོད་པ་གསལ་སྟོན་གནང་ཡོད་པ་རེད་

ཕ་རན་སི་གསར་འགྱུར་ལས་ཁང་གིས་གོང་ཞུས་འབོད་སྐུལ་ཞུ་ཡིག་དེའི་སྐོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁང་ལ་དེ་རིང་གཟའ་ལྷག་པའི་ཉིན་སྐད་ཆ་དྲིས་དུས་སློབ་གསོ་ལས་ཁང་གི་འབྲེལ་ཡོད་དཔོན་རིགས་ནས་དེའི་སྐོར་ཤེས་རྟོགས་མེད་ལུགས་བརྗོད་ནས་ལན་འདེབས་བྱས་མེད་པ་གནས་ཚུལ་ནང་འཁོད་འདུག།