ཧོང་ཀོང་ནང་གྲགས་ཆེ་བའི་དངོས་པོ་རིན་གོང་སྤོས་བསྡུར་གྱི་ཚོང་།

ཧོང་ཀོང་ནང་གྲགས་ཆེ་བའི་དངོས་པོ་དང་གྲགས་ཅན་མི་སྣའི་དངོས་པོ་ཁག་གསུམ་སྟོང་ལྷག་ཙམ་རིན་གོང་སྤོས་བསྡུར་གྱི་ཉོ་ཚོང་བྱ་རྒྱུ་ཡིན་འདུག

2010.10.02

༄༅༎ཧོང་ཀོང་ནང་ཕྱི་ཟླ་བཅུ་པའི་ཚེས་༤་ནས་༨བ་གྲགས་ཅན་མི་སྣས་བེད་སྤྱོད་བྱས་པའི་དངོས་པོ་དང་དེ་བཞིན་གྲགས་ཆེ་བའི་རི་མོ་སོགས་རིན་གོང་ཨ་རིའི་ཌོ་ལར་ས་ཡ་མང་པོ་གནས་པའི་དངོས་པོ་ཁག་གསུམ་སྟོང་ལྷག་ཙམ་རིན་གོང་སྤོས་བསྡུར་གྱི་ཉོ་ཚོང་བྱ་རྒྱུ་ཡིན་འདུག

རྒྱ་ནག་སྐམ་ས་ཆེན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་ཧོང་ཀོང་དེ་བཞིན་འཛམ་གླིང་ནང་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྗེས་རིན་གོང་སྤོས་བསྡུར་གྱི་དངོས་པོ་ཉོ་ཚོང་བྱ་སའི་ལྟེ་གནས་གསུམ་པ་དེ་ཆགས་ཡོད་པ་དང་ ཧོང་ཀོང་གི་རིན་གོང་སྤོས་བསྡུར་གྱི་ཉོ་ཚོང་བྱེད་ས་སོ་ཐེ་སྦི་ཞེས་པ་དེའི་ནང་ཕྱི་ཚེས་༤་ནས་བཟུང་ཉིན་གྲངས་ལྔའི་རིང་ཕ་ལམ་དང་རྒྱ་ནག་གི་རི་མོ་བྲིས་མཁན་སྙན་གྲགས་ཅན་ཀྲང་ཞའོ་ཀང་གིས་བྲིས་པའི་རི་མོ་དང་ དེ་བཞིན་རྒྱ་ནག་ཆིང་གོང་མའི་སྐབས་ཀྱི་གོང་མའི་ཕོ་བྲང་གི་ཐེལ་རྩེ་ དེ་བཞིན་འཛམ་གླིང་ནང་སྙན་གྲགས་ཆེ་བའི་མི་སྣ་ དཔེར་ན་རི་མོ་མཁས་པ་པི་ཀ་སོའི་སོགས་ཀྱི་རི་མོ་དང་ ཨ་རིའི་སྙན་གྲགས་ཆེ་བའི་གཞས་པ་མའེ་ཀལ་ཇེཀ་སེན་སྒེར་གྱི་དངོས་པོ་ཁག་ཅིག་སོགས་དངོས་པོ་རྣམ་གྲངས་གསུམ་སྟོང་ལྷག་རིན་གོང་སྤོས་བསྡུར་ཐོག་ནས་ཚོང་འགྱུར་བྱ་རྒྱུ་ཡིན་འདུག སྤྱིར་བཏང་དེང་སྐབས་ཧོང་ཀོང་ནང་རིན་གོང་སྤོས་བསྡུར་གྱི་དངོས་པོ་ཚོང་འགྱུར་བྱེད་པའི་སྐབས་དངོས་པོ་དེ་རིགས་ཉོ་མཁན་མང་པོ་ཟིག་རྒྱ་ནག་སྐམ་ས་ཆེན་མོའི་འབྱོར་ལྡན་པ་ཚོ་ཡིན་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎