ཧོང་ཀོང་རྩ་ཁྲིམས་ཀྱི་ནང་དོན་གཞིར་བཟུང་གྲོས་མོལ་བྱ་རྒྱུ།
2014.10.16
ཧོང་ཀོང་དམིགས་བསལ་ས་གནས་གཞུང་གིས་ཧོང་ཀོང་གི་སློབ་ཕྲུག་མཐུན་ཚོགས་དང་མཉམ་གྲོས་མོལ་སླར་ཡང་བྱ་རྒྱུ་བརྗོད་ཡོད་འདུག
དེ་ཡང་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་དྲག་ཆས་མ་སྤྲས་པའི་ཉེན་རྟོག་པས་ཞི་བའི་ངོ་རྒོལ་བ་ཞིག་ལ་ཉེས་རྡུང་ཚབས་ཆེ་གཏོང་བཞིན་པའི་བརྙན་འཕྲིན་ཞིག་ཕྱིར་བཏོན་པའི་རྗེས་སུ། དེ་རིང་གཟའ་ཕུར་བུའི་ཉིན་ཧོང་ཀོང་དམིགས་བསལ་ས་གནས་གཞུང་གི་སྤྱི་ཁྱབ་ལེང་ཀྲན་དབྱིང་གིས་སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་མི་དང་ལྷན་དུ་གཟའ་འཁོར་རྗེས་མའི་ནང་བསྐྱར་དུ་གྲོས་མོལ་འགོ་འཛུགས་བྱ་རྒྱུ་ཡིན་ལུགས་གསར་འགོད་ལྷན་ཚོགས་ཐོག་བརྗོད་ཡོད། ཡིན་ཡང་ཧོང་ཀོང་དམིགས་བསལ་ས་གནས་ཀྱི་སྤྱི་ཁྱབ་ལེང་ཀྲན་དབྱིང་གིས། གྲོས་མོལ་དེ་བཞིན་ངེས་པར་དུ་ཧོང་ཀོང་གི་གཞི་རྩའི་རྩ་ཁྲིམས་ཀྱི་འོས་བསྡུའི་དོན་ཚན་སྒྲོམ་གཞིའི་འོག་བྱ་དགོས་ལུགས་ནན་བརྗོད་བྱས་ཡོད་པ་མ་ཟད། གྲོས་མོལ་འགོ་འཛུགས་བསྐྱར་དུ་བྱ་རྒྱུ་ཡིན་ན་ཡང་སྲིད་གཞུང་གིས་ངོ་རྒོལ་རྔམ་སྟོན་བྱེད་མཁན་ཚོས་འཛིན་བཞིན་པའི་ས་གནས་ཁག་གཙང་སེལ་བྱ་རྒྱུའི་ལས་དོན་མུ་མཐུད་ནས་སྤེལ་རྒྱུ་ཡིན་ལུགས་དང་། ཕྱོགས་གཉིས་དབར་གྲོས་མོལ་བསྐྱར་གསོ་བྱ་རྒྱུར་ད་ལྟའི་འཆར་སྲིད་གཞུང་གིས་བར་མི་བརྒྱུད་ནས་སློབ་ཕྲུག་དང་འབྲེལ་བ་བྱེད་མུས་ཡིན་ལུགས་བརྗོད་འདུག དེར་བརྟེན་ད་རེས་ཧོང་ཀོང་དམིགས་བསལ་ས་གནས་གཞུང་གི་དཔོན་རིགས་དང་། ཧོང་ཀོང་སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་མིའི་དབར་གྲོས་མོལ་བསྐྱར་དུ་བྱས་ན་ཡང་དོན་འབྲས་སོན་པ་ཞིག་ཡོང་མིན་ཐད་མི་མང་ཚོས་ཐེ་ཚོམ་གྱི་རྣམ་འགྱུར་འཛིན་གྱི་ཡོད་པ་རེད། ཧོང་ཀོང་མི་མང་གིས་ཕྱི་ལོ་༢༠༡༧་ལོར་ཧོང་ཀོང་དམིགས་བསལ་ས་གནས་ཀྱི་སྤྱི་ཁྱབ་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་དགོས་འདུན་ལ་རྒྱ་ནག་གཞུང་གིས་ཁས་ལེན་མ་བྱས་པར་བརྟེན་ནས་ཧོང་ཀོང་ནང་འདས་པའི་གཟའ་འཁོར་ཁ་ཤས་རིང་སློབ་ཕྲུག་གཙོ་བོར་འགྱུར་བའི་ཧོང་ཀོང་གྲོང་མི་ཚོས་ངོ རྒོལ་རྔམ་སྟོན་བྱས་ནས་ ཧོང་ཀོང་གི་གྲོང་ཁྱེར་ནང་གི་གཞུང་ལམ་དང་འགྲིམ་འགྲུལ་ཡོངས་རྫོགས་བཀག་སྡོམ་བྱས་པའི་རྗེས་ཧོང་ཀོང་གཞུང་གིས་སློབ་ཕྲུག་མཐུན་ཚོགས་དང་གྲོས་མོལ་བྱ་རྒྱུའི་འདོད་ཚུལ་སྟོན་ནས་དུས་བཀག་བཟོས་ཡོད་ཀྱང་། རྗེས་སུ་གཞུང་ཕྱོགས་ཀྱིས་ཕྱོགས་རྐྱང་པའི་ཐོག་ནས་གྲོས་མོལ་ཕྱིར་ཐེན་བྱས་ཏེ་སློབ་ཕྲུག་ཚོས་བསྐྱར་དུ་ངོ རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ཧོང་ཀོང་གཞུང་གིས་ད་རེས་སླར་ཡང་གྲོས་མོལ་བྱ་རྒྱུའི་མདུན་པ་བཏོན་ཡོད་པ་ཡིན་འདུག
གསར་འགོད་པ་འཆི་མེད།