དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱའི་ནང་མཛད་འཆར་གཞིར་བཟུང་ལྟར་ན། ཐའེ་ཝན་གྱི་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཅུ་པའི་ཚེས་གསུམ་ནས་ཕྱི་ཟླ་བཅུ་པའི་ཚེས་ལྔ་བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ནཱ་ལནྡྲེའི་སློབ་དཔོན་ཆེན་མོ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་འདུག
ཡང་དམིགས་བསལ་མཛད་འཆར་ནང་ད་ལྟའི་ཆར་བཀོད་གནང་མེད་ཀྱང་། ཟླ་བ་འདིའི་ཚེས་༢༦ཉིན་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་དང་སློབ་ཟུར་ཡོངས་དང་། བྱང་ཨ་མི་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་ཚོགས་པ་གཞན་ཁག་ཅིག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་འདེགས་འབུལ་ཞུ་འཆར་ཡོད་འདུག
དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༡༢ པའི་ཟླ་མཇུག་ཏུ་གནས་མཆོག་རྡོ་རྗེ་གདན་དུ། བཀའ་ཆོས་དང་བཀའ་དབང་གནང་རྒྱུ་ཡིན་པ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་གསལ་བསྒྲགས་བསྐྱངས་འདུག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གསུམ་རིང་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་བྱང་ཆབ་སེམས་འགྲེལ་དང་། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་བཀའ་དབང་། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཅས་ཆོས་འབྲེལ་བསྐྱང་རྒྱུའི་མཛད་རིམ་ཐུགས་གཏན་འཁེལ་ཡོད་པ་རེད།
འདས་པའི་ལོ་ཤས་ནང་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་སྤྱིར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་གནང་བ་ལ་དྭགས་དང་ལྡི་ལི་ཙམ་ཡིན་པ་དང་ལྷག་པར་དུ་ཕྱི་ལོ་ ༢༠༢༠ ལོའི་འགོ་སྟོད་ནས་བཟུང་ད་བར་ལོ་ངོ་གཉིས་ལྷག་ཙམ་རིང་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱང་གནང་ཐུབ་མེད་པ་རེད།།
གསར་འགོད་པ། ཪིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག