༧གོང་ས་མཆོག་ནས་རྡོར་གདན་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་ཡོད་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་གནང་ཡོད་པ།

༢༠༡༨།༡༢།༡༧།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་གནང་ཡོད་པ། དགའ་ལྡན་ཕོ་བྲང༌།

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་རྟེན་གཙོར་གནས་གཟིགས་སྐབས་རྟེན་འབྱུང་ལྟ་གྲུབ་ཀྱི་གལ་གནད་སྐོར་བཀའ་སློབ་བསྩལ་གནང་ཡོད་པ་རེད།
སྤྱི་ཚེས་ ༡༧ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་བའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་མཆོད་རྟེན་ཆེན་མོའི་རྟེན་གཙོར་གནས་གཟིགས་སྐབས་བཀའ་སློབ་བསྩལ་དོན།  སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུན་མོང་མ་ཡིན་པའི་བསླབ་བྱ་དེ་སེམས་པ་བཟང་པོ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པ། བྱང་ཆུབ་སེམས་ཀྱི་རྒྱབ་རྟེན་དེ་སྟོང་ཉིད་ལྟ་བ་གསུང་གི་ཡོད་པ་དང་། སེམས་པ་བཟང་པོ་དང་བཟོད་པ། ཆོག་ཤེས་སོགས་ནི་ཆོས་ལུགས་ཚང་མས་གསུང་ཡོད་པ་རེད། ཡིན་ནའང་རྟེན་འབྱུང་དེ་སངས་རྒྱས་བཅོམ་ལྡན་འདས་གཅིག་པོ་རེད། སྟོང་ཉིད་ལྟ་བ་དེ་ཐུན་མོང་མ་ཡིན་པ་དེ་དེང་དུས་ཀྱི་ཚན་རིག་དང་མཉམ་དུ་འགྲོ་ཐུབ་ཡོད་པ་སོགས་བཀའ་སློབ་བསྩལ་ཡོད།
དེ་བཞིན་ཡང་གསར་འགོད་པས་རྒྱ་ནག་གི་སྐོར་བཀའ་འདྲི་ཞུ་སྐབས་༧གོང་ས་མཆོག་ནས་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ལྟ་བ་འཛིན་ཕྱོགས་ལ་བསྔགས་བརྗོད་ཞུ་གི་ཡོད། ཡིན་ནའང་ཚད་ལས་བརྒལ་བའི་དབང་ཆ་སྒེར་སྡོམ་དེ་ཡག་པོ་མེད་པ་དང་། དེང་རབས་ཀྱི་སྤྱི་ཚོགས་ནང་སྐྱེ་བོ་ཚང་མར་རང་དབང་དང་སོ་སོའི་རྣམ་དཔྱོད་གསར་གཏོད་ཀྱི་རང་དབང་དགོས་པ་སོགས་བཀའ་སློབ་བསྩལ་གནང་འདུག
ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་བཞུགས་རྒྱུན་རིང་སྐུའི་སྲུང་བྱའི་ཆེད་བྷི་ཧར་མངའ་སྡེའི་རྫོང་སྡེ་ཁག་ཉི་ཤུ་ཙམ་ནས་ཉེན་རྟོག་མི་སྣ་དང་དམག་མི་ ༡༥༠༠ ཙམ་དཔུང་འཇོག་བྱེད་ནས་ཧ་ཅང་དམ་དྲག་ཆེན་པོ་ཞུ་བཞིན་ཡོད་འདུག
ཡང་མཛད་འཆར་གཞིར་བཟུང་ལྟར་ན། འདི་ཚེས་ཉི་ཤུ་བརྒྱད་ནས་སུམ་ཅུ་སོ་གཅིག་བར་ཉིན་གྲངས་གསུམ་རིང་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་ཚད་མ་རྣམ་འགྲེལ་གྱི་བཀའ་འཁྲིད་སོགས་ཆོས་འབྲེལ་བསྩལ་གནང་རྒྱུ་རེད། གཞན་ཡང་ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་གཏན་འཁེལ་བ་དང་ཡང་རྒྱལ་སྤྱིའི་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་ཀྱི་བགྲོ་གླེང་ལ་དབུ་བཞུགས་མཛད་རྒྱུ་དང་། རྒྱ་གར་གྱི་སློབ་ཕྲུག་སོགས་ལ་བཀའ་སློབ་བཀའ་དྲིན་བསྩལ་རྒྱུ་སོགས་ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་ཉེར་བཞིའི་རིང་མཛད་འཕྲིན་རྒྱ་ཆེར་བསྐྱང་རྒྱུ་ཡིན་པ་རེད་འདུག།
གསར་འགོད་པ་ལྕག་མོ་མཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org