སྤྱི་ལོ་༢༠༡༨་ལོའི་བདེན་པའི་སྒྲོན་མེ་གཟེངས་རྟགས་འབུལ་རྒྱུ།
2018.02.06
ཨ་རི་བ་བུད་མེད་(Grace Spring)་ལགས་སུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདི་ལོའི་བདེན་པའི་སྒྲོན་མེ་གཟེངས་རྟགས་འབུལ་རྒྱུ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལོ་ལྟར་བདེན་པའི་སྒྲོན་མེ་ཞེས་པའི་གཟེངས་རྟགས་ཤིག་འབུལ་སྲོལ་ཡོད་པ་ལྟར། འདི་ལོའི་ནང་བདེན་པའི་སྒྲོན་མེའི་དམིགས་བསལ་གཟེངས་རྟགས་ཤིག་དེ་སྔ་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དང༌། དེང་སྐབས་ཨ་རིའི་མངའ་སྡེ་ (Vermont)་ གྱི་གྲོང་ཁྱེར་ (Middlebury)་ ནང་གནས་སྡོད་གནང་མཁན་ཨ་རི་བ་བུད་མེད་ (Grace Spring) ལ་འབུལ་རྒྱུན་ཡིན་པའི་གསལ་བསྒྲགས་གནང་འདུག
དེ་ཡང་འདི་ཚེས་ ༥ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ལྕམ་ (Grace Spring) གྱིས་འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་རིང་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་བ་ཙམ་མ་ཟད། ཨ་རིའི་མི་མང་གིས་བོད་དོན་ཐོག་དོ་སྣང་ཡོང་ཐབས་སུ་ཁོང་རང་ཉིད་ཀྱིས་དངོས་སུ་ལས་འགུལ་སྤེལ་ཡོད་པའི་བྱས་རྗེས་ལ་བསྔགས་བསྟོད་ཞུ་ཆེད་འདི་ལོར་ཁོང་ལ་དམིགས་བསལ་གྱི་ཐོག་ནས་བདེན་པའི་སྒྲོན་མེའི་གཟེངས་རྟགས་འབུལ་རྒྱུའི་ཐག་གཅོད་གནང་བ་ཡིན་ཅེས་གསུངས་འདུག་པ་ལྟར། ཕྱི་ལོ་ ༡༩༨༧ ལོའི་བོད་ནང་གི་ཞི་རྒོལ་ཆེན་མོའི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་གདུག་རྩུབ་ཀྱི་དྲག་གནོན་བྱས་པར་གདུང་སེམས་མཉམ་སྐྱེད་ཞུ་ཆེད་ལྕམ་ (Grace Spring) གྱིས་མི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་རིང་རེས་གཟའ་སྤེན་པ་ནམ་ཡིན་ལ་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་དང་བོད་དོན་རྒྱབ་སྐྱོར་གྱི་བརྗོད་ཚིག་འཁོད་པའི་འཕྱར་དར་ཞིག་བསྣམས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་བོད་དོན་འཐབ་རྩོད་ཀྱི་ལས་ལ་མཉམ་ཞུགས་གནང་མཁན་ཞིག་ཡིན་པ་ལྟར། ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༤ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་ཕྱག་བྲིས་ཤིག་གནང་བའི་ནང༌། ཁྱེད་རང་གིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་དེ་ནི་ཨ་རིའི་མི་མང་ཚོས་ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཤུགས་ཆེན་པོ་ཡོད་པའི་མཚོན་རྟགས་ཤིག་རེད་ཅེས་བསྔགས་བརྗོད་གནང་ཡོད་པ་རེད།
ལྕམ་ (Grace Spring) ལ་བདེན་པའི་སྒྲོན་མེའི་གཟེངས་རྟགས་འབུལ་རྒྱུའི་མཛད་སྒོ་ཞིག་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་ཨ་རིའི་མངའ་སྡེ་ (Vermont)་ གྱི་གྲོང་ཁྱེར་ (Burlington) དུ་བསྐྱང་རྒྱུ་ཡིན་འདུག
གསར་འགོད་པ་ངག་ཆོས།