༧གོང་ས་མཆོག་ཉི་ཧོང་གི་ཧྥུ་ཀུའུ་ཁ་གྲོང་ཁྱེར་ལ་ཞབས་སོར་འཁོད་གནང་འདུག
2018.11.21

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ལྷོ་ནུབ་གྲོང་ཁྱེར་ཧྥུ་ཀུའུ་ཁ་(Fukuoka)ནང་ཞབས་སོར་འཁོད་གནང་འཛད་འདུག
དེ་ཡང་སྤྱི་ཚེས་༢༡ཉིན་དེང་སྐབས་ཉི་ཧོང་ནང་ཆོས་འབྲེལ་གྱི་མཛད་འཆར་སྐྱོང་གནང་མཛད་བཞིན་པའི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ལྷོ་ནུབ་གྲོང་ཁྱེར་ཧྥུ་ཀུའུ་ཁ་(Fukuoka)ནང་ཞབས་སོར་བདེ་འཁོད་མཛད་དེ། སྤྱི་ཚེས་༢༢ཉིན་གྲོང་ཁྱེར་དེའི་ནང་སྤྱི་ལོ་༢༠༡༦ལོར་ས་གནས་དེར་རང་བྱུང་ས་ཡོམ་གྱི་གོད་ཆག་ཕོག་ནས་རྐྱེན་འདས་ཕྱིན་པ་ཚོར་མཆོད་འབུལ་བསྔོ་སྨོན་དང་། དེ་བཞིན་ཤུལ་ལུས་ནང་མིར་གདུང་སེམས་མཉམ་བསྐྱེད་གནང་རྒྱུ་ཡིན་པ་གནས་ཚུལ་ནང་བཀོད་འདུག
དེ་མིན་སྤྱི་ཚེས་༢༠ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་(Tokyo)ནང་གྲོས་ཚོགས་ཀྱི་འཐུས་མིས་གྲུང་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་འཐུས་མི་ལྷན་དང་མཇལ་འཕྲད་སྐབས་སུ། ཉི་ཧོང་གི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་རྒྱ་ནག་གཞུང་གི་བོད་ནང་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡལ་བཤིག་ཚབས་ཆེ་གཏོང་བཞིན་པའི་གནས་སྟངས་ལ་བློ་འཚབ་ཡོད་པ་གསལ་འདོན་དང་། ༧གོང་ས་མཆོག་གིས་རྒྱ་ནག་གིས་བོད་ཐོག་དྲན་གནོན་གྱི་སྲིད་ཇུས་འཛིན་བཞིན་པ་ནི་ནུས་མེད་ཅིག་ཡིན་པ་དང་། དེ་ལས་ལྡོག་སྟེ་བོད་ནང་ཕན་ནུས་ལྡན་པའི་སྲིད་ཇུས་ལག་ལེན་བསྟར་དགོས་པ་དང་། བོད་རང་བཙན་རྩོད་ཀྱི་མེད་པར་རང་སྐྱོང་གི་ཐོབ་ཐང་བརྩོན་ལེན་གནང་གི་ཡོད་པས་ནམ་ཞིག་བོད་རྒྱ་གཉིས་མཉམ་གནས་ཡོང་གི་རེད་ཅེས་སོགས་བཀའ་སློབ་བསྩལ་ཡོད་པ་རེད། ཡིན་ནའང་སྤྱི་ཚེས་༢༡ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཀུན་ཧྲོང་ནས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ཉི་ཧོང་གིས་༧གོང་ས་མཆོག་ཡུལ་དེར་ཕེབས་སུ་བཅུག་པར་སྐྱོན་བརྗོད་དང་བཅས་རྒྱ་ནག་གི་ནམ་རྒྱུན་གྱི་ལངས་ཕྱོགས་བསྐྱར་བཟློས་བྱས་འདུག
གསར་འགོད་པ་ལྕགས་མོ་འཚོ།