རྣམ་གྲོལ་གླིང་བསླབ་པ་མཐར་སོན་གྱི་མཛད་སྒོ།
༸གོང་ས་མཆོག་གིས་རྣམ་གྲོལ་གླིང་དགོན་པའི་བསླབ་པ་མཐར་སོན་མཛད་སྒོའི་གཙོ་མགོན་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་གནང་མཛད་འདུག
-
2017-12-22 -
-
-
Your browser doesn’t support HTML5 audio
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་༢༢ རེས་གཟའ་པ་སངས་ཀྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་བཤད་གྲྭ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དང་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བསླབ་པ་མཐར་སོན་མཛད་སྒོའི་གཙོ་མགོན་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་གནང་མཛད་འདུག
ཐོག་མར་དགོན་པའི་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་རྗེས་དྲུང་ཆེ་སློབ་དཔོན་ཨུ་རྒྱན་བསྟན་འཛིན་ནས་བསླབ་མཐར་སོན་པ་རྣམས་ཀྱི་མཚན་ཐོ་སྙན་སྒྲོན་ཞུས་པ་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་འཁྱེར་གསོལ་བསྩལ་བཀའ་དྲིན་བསྐྱངས།
སློབ་དཔོན་རྣམས་ནས་ཀྱང་༸རྒྱལ་བའི་༸སྐུ་མདུན་དུ་བསྟན་འགྲོ་སྤྱི་དང་བྱེ་བྲག་ཀྱི་བདེ་ཐབས་ཁོ་ནའི་སླད་ལྷག་བསམ་རྣམ་དག་ཐོག་ནས་ཞབས་ཞུ་གནད་སྨིན་ཞུ་རྒྱུའི་དམ་བཅའ་ཕུལ་གནང་འདུག།
དེ༌ནས་རྒྱ་གར་ས་གནས་ཉེན་རྟོག་པའི་འགོ་ཁྲིད་སྐུ་ཞབས་ Vipul Kumar གིས་གཏམ་བཤད་གནང་བ་དང་།དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་གནང་བ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་དམིགས་བསལ་རྩ་ཆེའི་ཕྱག་འཁྱེར་ཐོབ་གནང་བའི་སྔ་འགྱུར་མཐོ་སློབ་ནས་བསླབ་པ་མཐར་སོན་པའི་སློབ་མ་རྣམས་ལ་འཚམས་འདྲི་གནང་བ་དང། མ་འོངས་པར་སློབ་དཔོན་རྣམས་ཀྱིས་འཛམ་གླིང་སྤྱི་ཡོངས་ལ་བོད་བརྒྱུད་ནང་བསྟན་དར་སྤེལ་བརྒྱུད་འཛམ་གླིང་ཞི་བདེ་བསྐྲུན་ཐུབ་པའི་རེ་སྨོན་གནང་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།