བོད་དང་ས་འབྲེལ་གྱི་ནུབ་རི་ཧི་ནང་སྔ་འགྱུར་སྤུངས་རྩེ་དགོན་པར་མེ་སྐྱོན་བྱུང་འདུག
བོད་དང་ས་འབྲེལ་བལ་ཡུལ་མཐའ་མཚམས་ཀྱི་ནང་པའི་དགོན་པ་ནུབ་རི་ཧི་ནང་སྔ་འགྱུར་སྤུངས་རྩེ་དགོན་མེ་ཤོར་ནས་འདུ་ཁང་སོགས་ཡོངས་སུ་འཚིགས་འདུག
- 2023-01-25
-
-
-
དེ་ཡང་བལ་ཡུལ་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། འདི་ཚེས་༢༥རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་བཞི་བ་ཙམ་ལ། བོད་དང་ས་འབྲེལ་བལ་ཡུལ་གྱི་མཐའ་མཚམས་གོར་ཁ་རྫོང་ཁོངས་སུ་ཡོད་པའི་བོད་བརྒྱུད་ནང་པའི་དགོན་པ། ནུབ་རི་ཧི་ནང་སྔ་འགྱུར་སྤུངས་རྩེ་དབེན་གནས་དགོན་པར་མེ་ཤོར་ནས་འདུ་ཁང་དང་། འདུ་ཁང་ནང་གི་ལྷ་སྐུ་དང་དཔེ་ཆ་སོགས་མང་ཆེ་བ་མེ་ཡིས་འཚིགས་ཡོད་འདུག
ས་གནས་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། དགོན་པར་མེ་སྐྱོན་བྱུང་རྐྱེན་ད་དུང་ཁ་གསལ་མེད་ཀྱང་མེ་སྐྱོན་ཤུགས་ཆེ་དྲགས་ནས་ཆུ་ཚོད་ཁ་ཤས་རིང་མེ་གསོད་ཐུབ་མེད་པར་བརྟེན་ལྷ་ཁང་དང་། སྐུ་གསུང་ཐུགས་རྟེན་མང་ཆེ་བ་འཚིགས་ཟིན་འདུག ཡིན་ན་ཡང་མེ་སྐྱོན་ཁྲོད་མི་ཤི་རྨས་སོགས་བྱུང་མེད་པ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།