སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྡེ་བཀྲ་ཤིས་ལྷུན་པོར་མང་ཚོགས་ལ་སྒྲོལ་དཀར་གྱི་ཚེ་དབང་སྩལ་གནང་མཛད་པ།
རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་འདུས་སྤྱི་ཡོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཟླ་བ་འདིའི་ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་ཆོས་རྭའི་ནང་། ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་ལ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་ཚེ་དབང་བསྩལ་གནང་མཛད་སོང་ལ། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་དགུང་གྲངས་ ༡༡༠ ལྷག་སྐུ་འཚོ་བཞུགས་མཛད་རྒྱུའི་བཀའ་སློབ་བསྐྱར་ནན་སྩལ་བ་དང་སྦྲགས། དད་ལྡན་ཆོས་ཞུས་བ་རྣམས་ནས་སྒྲོལ་དཀར་ཚེ་དབང་དེ་བཞིན་ཞུས་པའི་བརྒྱུད་མི་ཚེ་དོན་སྙིང་ལྡན་པ་ཞིག་སྐྱེལ་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད། སངས་རྒྱས་ཀྱི་བསྟན་པ་རྒུད་པའི་སྐབས་དེར་མགོན་པོ་མཆོག་ནས་བསྟན་པའི་མཛད་འཁུར་བཞེས་ཏེ་འཛམ་གླིང་ནང་སངས་རྒྱས་ཀྱི་ཆོས་ལ་དད་པ་གསར་པ་བསྐྲུན་རྒྱུ་དང་། སྔར་ཡོད་དད་པ་བརྟན་པོ་གནས་རྒྱུ་སོགས་ཀྱི་ཐད་ཞབས་འདེགས་གང་ཙམ་བསྒྲུབས་གནང་ཡོད་སྐོར་བཀའ་སྩལ་གནང་བ་དང་འབྲེལ། མགོན་པོ་ཉིད་ནས་རྒྱུད་སྡེ་འདྲ་མིན་གྱི་ཉམས་ལེན་དང་སྒྲོལ་དཀར་གྱི་ཚེ་སྒྲུབ་ཉིན་རེ་བཞིན་གསུང་འདོན་གནང་གི་ཡོད་དུས། ཐེངས་འདིར་དད་ལྡན་ཆོས་ཞུ་བ་རྣམས་མགོན་པོ་གང་ཉིད་ཀྱི་དྲུང་ནས་ཚེ་དབང་ཞུ་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཡིན་པའི་བཀའ་སྩལ་མཛད་སོང་།

ཐེངས་འདིར་སྒྲོལ་དཀར་ཚེ་དབང་ཞུ་མཁན་གྱི་ཁོངས་སུ་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་དང་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བདེ་སྲུང་བཀའ་བློན། ཕྱོགས་བཞུགས་སྤྱི་འཐུས་དང་གཞུང་ཞབས་ལས་ཟུར་གཙོས་པའི་ཕྱི་ནང་དད་ལྡན་པ་ཁྱོན་སྟོང་ཚོ་བརྒལ་བ་བཅར་འདུག་ལ། ཚེ་དབང་གྲུབ་མཚམས་སུ་༸རྒྱལ་བའི་༸སྐུའི་བླ་སྨན་པ་རྣམ་གཉིས་ནས་མང་ཚོགས་ལ་འཕྲོད་བསྟེན་དང་འབྲེལ་བའི་གོ་རྟོགས་ཀྱི་ལམ་སྟོན་གནང་ཡོད་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།