སློབ་ཕྲུག་ཚོས་ཤེས་ཡོན་གལ་ཆེར་ངོས་འཛིན་གྱིས་སློབ་སྦྱོང་ལ་དོ་སྣང་བྱེད་དགོས།

ཤེས་ཡོན་སློབ་སྦྱོང་ནི་མིའི་རྣམ་དཔྱོད་ཀྱི་སྒོ་བརྒྱ་འབྱེད་པའི་མིག་ལྟ་བུ་ཞིག་ཡིན་དུས་ཤེས་ཡོན་སློབ་སྦྱོང་ལ་དོ་སྣང་འབད་བརྩོན་བྱེད་དགོས།

༸གོང་ས་མཆོག་ནས་རྒྱ་གར་གྱི་སྙན་གྲགས་ཆེ་བའི་འཕྲུལ་རིག་ཤེས་ཡོན་བསྟི་གནས་ཁང་གི་ཚོགས་ཁང་གི་ནང་དུ་མཐོ་སློབ་དེའི་དབུ་འཛིན་གྱི་གཙོས་པས་དགེ་ལས་སློབ་ཕྲུག་དང་ཕྱི་ནང་མི་མང་ལ་བཀའ་སློབ་གནང་སྐབས། དགའ་ལྡན་ཕོ་བྲང་།

ཤེས་ཡོན་སློབ་སྦྱོང་ནི་མིའི་རྣམ་དཔྱོད་ཀྱི་སྒོ་བརྒྱ་འབྱེད་པའི་མིག་ལྟ་བུ་ཞིག་ཡིན་དུས་སློབ་ཕྲུག་ཚོས་ཤེས་ཡོན་སློབ་སྦྱོང་དེ་གལ་ཆེར་ངོས་འཛིན་གྱི་ཤེས་ཡོན་སློབ་སྦྱོང་ལ་དོ་སྣང་འབད་བརྩོན་བྱེད་དགོས་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་གནང་འདུག

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༡༤་ཉིན་རྒྱ་གར་གྱི་ཚོང་དོན་བསྟི་གནས་མུམ་བྷེ་གྲོང་ཁྱེར་གྱི་ནང་རྟེན་གཞི་བྱེད་ཡོད་པའི་རྒྱ་གར་གྱི་སྙན་གྲགས་ཆེ་བ་འཕྲུལ་རིག་ཤེས་ཡོན་བསྟི་གནས་ཁང་གི་ཚོགས་ཁང་གི་ནང་དུ་མཐོ་སློབ་དེའི་དབུ་འཛིན་གྱི་གཙོས་པས་དགེ་ལས་སློབ་ཕྲུག་དང་ཕྱི་ནང་མི་མང་ཁྱོན་ཆེ་ཞིག་དང་། ས་གནས་བོད་མི་ཚོང་པ་སོགས་ཚོགས་གནང་བའི་ཐོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནད་དོན་དུ་མའི་ཐོག་ལམ་སྟོན་བཀའ་སློབ་གནང་སོང་བ་ལས་གཙོ་བོ་སློབ་ཕྲུག་ཚོ་ལ་དམིགས་ཏེ་བཀའ་སློབ་གནང་བའི་ནང་དུ་ཤེས་ཡོན་སློབ་སྦྱོང་ཡོད་པ་དང་མེད་པའི་མི་གཉིས་ཀྱི་དབར་ལ་སེམས་ཚོར་གྱི་ཐོག་ནས་ཁྱད་པར་མེད་ཀྱང་།  མི་ཚེ་བསྐྱལ་སྟངས་དང་དཀའ་ངལ་གདོང་ལེན་བྱེད་ཕྱོགས་དང་ལས་དོན་ལམ་ལྷོང་བྱུང་མིན་སོགས་ཀྱི་ཐད་ཤེས་ཡོན་སློབ་སྦྱོང་ཡོད་མེད་གཉིས་ཀྱི་མི་ལ་ཁྱད་པར་ཆེན་པོ་ཡོད་དུས་ཤེས་ཡོན་སློབ་སྦྱོང་དེ་ནི་མིའི་རྣམ་དཔྱོད་ཀྱི་སྒོ་རྒྱ་འབྱེད་པའི་མིག་ལྟ་བུ་ཞིག་ཡིན་དུས་སློབ་ཕྲུག་ཚོས་རྣམ་གཡེང་སྤང་ཏེ་ཤེས་ཡོན་སློབ་སྦྱོང་དོ་སྣང་འབད་བརྩོན་བྱེད་དགོས་པས་ལམ་སྟོན་གནང་འདུག

ན་གཞོན་ཞིག་ནས་བོད་ནང་རྒྱ་མིའི་བཙན་འཛུལ་གྱི་དྲག་གནོན་གྱི་རྐྱེན་གྱིས་བོད་མི་ཚོ་དཀའ་སྡུག་མང་པོ་མྱོང་བཞིན་ཡོད་དུས་མགོན་པོ་གང་ཉིད་ནས་བོད་རང་དབང་སླར་གསོ་ག་དུས་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་མིན་བཀའ་འདྲི་ཞུ་སྐབས།

༸གོང་ས་མཆོག་གིས།  གནས་སྟངས་འགྱུར་བ་འགྲོ་བཞིན་ཡོད་པ་དང་ང་ཚོས་རྒྱ་ནག་གཅིག་སྡུད་དབང་འཛིན་རིང་ལུགས་ལ་འཐབ་རྩོད་བྱེད་བཞིན་པ་དེ་ནི་དྲང་བདེན་གྱི་འཐབ་རྩོད་ཞིག་ཡིན་དུས་ང་ཚོའི་འཐབ་རྩོད་ཀྱི་སྟོབས་ཤུགས་དེ་དྲང་བདེན་ཡིན་པ་དང་རྒྱ་མིའི་གཅིག་སྡུད་དབང་འཛིན་པ་ཚོའི་སྟོབས་ཤུགས་ནི་གོ་མཚོན་ཡིན་དུས་ཕུགས་འགྱངས་རིང་པོར་དྲང་པོའི་སྟོབས་ཤུགས་དེ་གོ་མཚོན་སྟོབས་ཤུགས་ལས་ནུས་པ་ཆེ་བ་ཡོད་པ་བཀའ་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མུམ་བྷེ་གྲོང་ཁྱེར་ནང་གི་ཉིན་གསུམ་གྱི་མཛད་འཆར་ཁག་ལེགས་གྲུབ་བྱུང་ཏེ་འདི་ཚེས་༡༥་ཉིན་མུམ་བྷེ་གྲོང་ཁྱེར་ནས་རྒྱལ་ས་ལྡི་དང་དེ་ནས་རིམ་པས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་གནང་གི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org