རྒྱ་གར་དགེ་སློབ་རྣམས་ལ་བཀའ་སློབ།
2014.02.01

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་ཆེ་ཤོས་གྷོ་ཧ་ཊིར་ དེ་རིང་ཕྱི་ཟླ་ ༢ ཚེས་ ༡ ཞབས་སོར་འཁོད་གནང་གྲུབ་ཅིང་། ཁ་སང་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འདབས་ཀྱི་ནོཡི་ཌ་ཞེས་པའི་ས་ཁུལ་དུ་ཡོད་པའི་ Step by Step གོམ་པ་རིམ་འཛེགས་ཞེས་པའི་སློབ་གྲྭའི་སློབ་མ་དང་དགེ་ལས་སོགས་ལ་གོ་ལའི་མ་འོངས་པའི་གནས་བབས་དང་། ཨེ་ཤི་ཡ་དང་ལྷག་པར་རྒྱ་གར་གྱི་མ་འོངས་པའི་གནས་བབས་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་པའི་བརྗོད་གཞིའི་སྒོ་ནས་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད།
སློབ་གྲྭ་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༩༢ ལོར་བུ་བཅོལ་ཁང་ལྟ་བུ་ཞིག་ནས་འགོ་བཙུགས་ཀྱིས་རིམ་པས་རྒྱ་སྐྱེད་ཕྱིན་ཏེ་ད་ཆ་སློབ་གྲྭ་དེའི་ནང་སློབ་མ་ ༡༨༦༠ ཐམ་པ་དང་། དགེ་རྒན་ ༢༨༠ ལྷག་ཡོད་པའི་སློབ་གྲྭའི་ངོ་བོ་ཡོངས་སུ་ལྡན་པ་ཞིག་ཏུ་གྱུར་བ་ཞིག་ཡིན་འདུག་པ་དང་། སློབ་གྲྭའི་སློབ་ཕྲུག་ཚོའི་ཞལ་འདོན་གྱི་སྨོན་ཚིགས་ནི་སེམས་བརྒྱུད་མ་དག་པ་དག་པར་ཤོག་ཅེས་པ་དེ་ཡིན་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པའི་དུས་རབས་དེ་ནི་དྲག་ཟིངས་ཀྱི་དུས་རབས་ཤིག་ཆགས་ཡོད་པ་དང་། གཞོན་སྐྱེས་ཚོར་མ་འོངས་པའི་འགན་འཁྲི་ཡོད་པ་དྲན་གསོ་གནང་ཞིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲག་སྤྱོད་ཅེས་པ་དེ་མཚོན་ཆའི་ནུས་ཤུགས་ཀྱི་གནོད་འཚེ་ཙམ་མིན་པར་ལྐོག་ཟ་རུལ་སུངས་དང་། མགོ་བསྐོར་བསླུ་འཁྲིད། གཞན་ལ་ཐུབ་ཚོད་བཤད་པ་དེ་དག་ཀྱང་དྲག་སྤྱོད་ཀྱི་རང་བཞིན་ཡིན་པ་བཀའ་གནང་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནི་ལོ་ངོ་སྟོང་ཕྲག་མང་པོའི་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་ཡོད་པའི་ཡུལ་གྲུ་ཞིག་ཡིན་པ་དང་། བདག་ཉིད་ཆེན་པོ་གྷན་དྷིས་ཀྱང་ལྟ་གྲུབ་དེ་གཙོ་བཟུང་གི་ཐོག་ནས་རྒྱ་གར་རང་བཙན་གྱི་འཐབ་རྩོད་གནང་པ་མིག་དཔེར་བླངས་ཏེ་མར་ཁྲིན་ལུ་ཐར་ཀིང་དང་ཌེསི་མཱོནཌ་ཊུ་ཊུ་སོགས་ནས་ཀྱང་མི་རིགས་ནག་པོའི་འདྲ་མཉམ་གྱི་འཐབ་རྩོད་ནང་བེད་སྤྱོད་གནང་ཡོད་པ་བཀའ་གནང་ཡོད་པ་ཞིག་ཡིན་སྟབས། རྒྱ་གར་གྱི་གཞོན་སྐྱེས་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཕྱུག་པོ་འདིར་དགའ་སྤོབས་དང་ཉམས་ལེན་བྱེད་པའི་བརྒྱུད་ནས་བདག་གཅེས་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད།།
གསར་འགོད་པ་སྐལ་ལྡན་བློ་གྲོས།