ཏུ་ལན་མཐོ་སློབ་ཏུ་བཀའ་སློབ།
2013.05.18

༄༅༎ཁ་སང་ཕྱི་ཚེས་ ༡༧ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིའི་གྲོང་ཁྱེར་ཉིའུ་ཨོར་ལིན་སིའི་ནང་ཡོད་པའི་ཏུ་ལན་མཐོ་སློབ་ཏུ་མང་ཚོགས་བཞི་སྟོང་བརྒལ་བར་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་པའི་སྐབས། ༧གོང་ས་ མཆོག་ནས་གཞན་ཕན་དང་སྙིང་རྗེ་ནི་བཟང་པོའི་རྨང་གཞི་ཡིན་ཞིང་། དེ་རྨང་གཞིར་བཞག་སྟེ་གཞན་གྱི་སྡུག་བསྔལ་དྭངས་ལེན་བྱེད་ཐུབ་པ་དང་། རང་ཉིད་ཀྱི་བདེ་བ་གཞན་ལ་སྦྱིན་ཐུབ་པ་འབྱུང་ཚེ་ཀུན་ཁྱབ་འགན་འཁུར་གྱི་བསམ་པ་རང་བཞིན་གྱི་འབྱུང་རྒྱུ་དང་། བསམ་པ་དེ་དང་ལྡན་པའི་མི་ཞིག་གིས་གཞན་ལ་ཆེད་དུ་མངགས་ཏེ་བརྡབ་གསིག་ནམ་ཡང་བཟོ་གི་མ་རེད་ཅེས་བཀའ་གནང་ཡོད་པ་རེད།
ལྷག་པར་དུ་༧གོང་ས་མཆོག་གིས་གཞན་ཕན་དང་སྙིང་རྗེ་དེ་བཞིན་བཟོད་སྲན་སོགས་ནི་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པར་བསམ་རྒྱུ་མེད། ཆོས་ཁས་མི་ལེན་མཁན་ཞིག་གིས་འདི་དག་ནི་ཆོས་ལུགས་རྗེས་འབྲངས་པ་ཚོས་ལག་བསྟར་བྱེད་དགོས་པ་ཞིག་ཡིན་པ་བསམ་ཚེ་དེ་ནི་ནོར་འཁྲུལ་རེད། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ཡང་ངེས་པར་གཞན་ཕན་དང་སྙིང་རྗེ་ལ་སོགས་པ་བཟང་པོའི་ཡོན་ཏན་དེ་དག་རང་བརྒྱུད་ལ་འཇགས་དགོས་ལ། རང་གི་ཉིན་རེའི་མི་ཚེའི་བྱ་གཞག་གི་ནང་སྐྱེ་སྲིང་ཐུབ་ཐབས་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། ཇི་ཙམ་གྱི་རང་བརྒྱུད་ལ་སྙིང་རྗེ་ཆེ་བ་ཡོད་པ་དེ་ཙམ་གྱི་མི་དེའི་སེམས་ནང་གདེངས་ཚོད་ཀྱང་ཆེ་བ་ཡོང་གི་ཡོད་ཅེས་བཀའ་གནང་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ New Orleans གྲོང་ཁྱེར་སྤྱི་ཁྱབ་པ་ Mitch Landrieu མཆོག་ནས་གྲོང་ཁྱེར་འདིའི་ནང་ཞབས་སོར་ཆེ་གནང་མཛད་པར་ས་གནས་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཞུ་བའི་མཚོན་དོན་དུ་གྲོང་ཁྱེར་གྱི་ལྡེ་མིག་ཞིག་འབུལ་ལམ་ཞུས་པ་དང་། གྲོང་ཁྱེར་སྤྱི་ཁྱབ་པས་ས་གནས་འདིའི་ནང་ཉེ་བའི་ཆར་མི་ཞིག་གིས་གང་བྱུང་མེ་མདའ་བརྒྱབ་པའི་གནས་ཚུལ་ཐབས་སྡུག་བྱུང་བ་ནས་གསོ་ཐབས་བྱེད་བཞིན་པའི་དུས་ཚོད་འདིའི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་གནང་མཛད་པ་དེས་གྲོང་ཁྱེར་མི་དམངས་ཚོའི་བསམ་བློའི་འཁྱེར་གསོ་དང་། སེམས་ནད་གསོ་ཐབས་སོགས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་འབྱུང་རྒྱུ་ཡིན་པས་དམིགས་བསལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ས་གནས་མི་དམངས་ཚོའི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེ་དང་ཐུགས་སྨོན་བཀྲིན་ཆེ་གནང་མཛད་ཡོད་པ་རེད།།