༸གོང་ས་མཆོག་ནས་རྟ་མགྲིན་གྱི་བཀའ་དབང་བསྩལ་བ།

༸གོང་ས་མཆོག་ནས་རྟ་མགྲིན་ནི་སྤྱན་རས་གཟིགས་དྲག་པོའི་རྣམ་པར་བཞེངས་པ་ཞིག་ཡིན་སྟབས་བོད་དང་ཐོུང་མ་ཡིན་པའི་འབྲེལ་བ་ཡོད་པ་བཀའ་གནང་འདུག

༸གོང་ས་མཆོག་ནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་རྟ་མགྲིན་ཡང་གསང་ལྷ་དགུའི་བཀའ་དབང་བཀྲིན་ཆེ་གནང་མཛད་སྐབས། དགའ་ལྡན་ཕོ་བྲང་།

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢༠ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། རྟ་མགྲིན་ཡང་གསང་ལྷ་དགུའི་བཀའ་དབང་བཀྲིན་ཆེ་གནང་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟ་མགྲིན་ནི་སྤྱན་རས་གཟིགས་དྲག་པོའི་རྣམ་པར་བཞེངས་པ་ཞིག་ཡིན་སྟབས་བོད་དང་ཐོུང་མ་ཡིན་པའི་འབྲེལ་བ་ཡོད་པ་བཀའ་གནང་ཞིང་།  དབང་ཞུ་བའི་དགོས་དོན་གཙོ་བོ་ནི་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱ་རྒྱུ་དེ་ཡིན་པ་དང་། དེ་ཡང་ཐོས་བསམ་གྱི་ཉམས་ལེན་ཚུལ་བཞིན་དགོས་གལ་ཆེ་བའི་སྐོར་བཀའ་གནང་ཡོད་པ་རེད།
ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧གོང་ས་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཕྱག་དཔེ་ཁག་བོད་ནང་དེ་སྔོན་གསེར་བྲིས་ལ་སོགས་པ་ཧ་ཅང་གི་མང་པོ་ཡོད་ཀྱང་། ཕྱི་ལོ་ ༡༩༥༩ ལོར་བོད་ནས་རྒྱ་གར་དུ་བཙོན་བྱོལ་དུ་ཕེབས་སྐབས་གསང་བ་རྒྱ་ཅན་སྐོར་གྱི་ཕྱག་དཔེ་བསྣམས་ཐུབ་མེད་པ་བཀའ་གནང་པ་དང་། འོན་ཀྱང་གློ་དམག་སྒར་ནང་གི་ཆུ་བཞི་སྒང་དྲུག་གི་དམག་མི་ཞིག་ལ་བལ་ཡུལ་གློའི་ས་ཁུལ་གྱི་དགོན་པ་རྙིང་གྲས་ཤིག་ནས་ཕྱག་དཔེ་ཁག་གཅིག་བརྙེད་སོན་བྱུང་བ་ཁག་༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ལ་གཟིགས་འབུལ་ཞུས་སྐབས།  དེ་དག་ནི་གསང་བ་རྒྱ་ཅན་གྱི་ཕྱག་དཔེ་ཡིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་གི་ཐུགས་ཕན་གསོས་པོ་ཡོང་རྒྱུ་ཡིན་པ་བཀའ་གནང་པ་སོགས་ཕྱག་དཔེ་ཕྱག་ཐོབ་བྱུང་སྟངས་ཐད་ཀྱི་ཡ་མཚན་པའི་ལོ་རྒྱུས་ཞོར་འཕྲོས་སུ་བཀའ་གནང་འདུག།  
ཡང་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་པའི་མི་རབས་གོང་མ་རྣམས་ཀྱི་བོད་ལུགས་ནང་ཆོས་ལ་བདག་གཅེས་སྲུང་སྐྱོབ་བྱས་པར་བརྟེན་ནས་བཙན་བྱོལ་ནང་དུའང་བོད་ཀྱི་ཆོས་དང་རིག་གཞུང་མུ་འཐུད་བདག་གཅེས་སྲུང་སྐྱོབ་ཐུབ་པ་བྱ་དགོས་གལ་ཆེ་བའི་སྐོར་ནན་ཏན་གྱི་བཀའ་གནང་འདུག
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org