མགོན་པོ་སྐྱིད་ལགས་སུ་ཁྲིམས་བཤེར་བྱས་ཀྱང་དྲང་བདེན་གྱི་ཐག་གཅོད་བྱས་མེད་པ་ཁོང་མོས་བརྗོད་བྱུང་།
མགོན་པོ་སྐྱིད་ལགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ས་གནས་ཉེན་རྟོག་པས་ཁྲིམས་འགལ་གྱི་ནག་ཉེས་བསགས་ཡོད་པའི་ཁྲིམས་གཏུག་བྱས་པར་དྲང་བདེན་གྱི་ཐག་གཅོད་བྱུང་མེད་པ་ཁོང་མོས་བརྗོད་བྱུང་།
- 2024-09-24
-
-
-
Your browser doesn’t support HTML5 audio
རྒྱ་ནག་གི་བཙོན་འོག་ལ་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ས་གནས་ཉེན་རྟོག་པ་ཚོས་ཁོང་གི་ཞུ་འབོད་ལས་འགུལ་སྐབས་ཁོང་གང་བྱུང་འཛིན་བཟུང་བཀག་ཉར་དང་གཅར་རྡུང་བཏང་བ་སོཊ་ནི་རྒྱ་ནག་གི་ཁྲིམས་དང་འགལ་ཡོད་སྐོར་གྱིས་ཁྲིམས་གཏུག་བྱས་པར་ཉེ་སྔོན་ཕྱི་ཟླ་དྲུག་ཚེས་༢༧ཉིན་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་མི་དམངས་ཁྲིམས་ཁང་དུ་འབོད་འགུག་གིས་ཁྲིམས་བཤེར་བྱེད་ཁུལ་གྱི་རྣམ་པ་ཞིག་བསྟན་ཡོད་ཀྱང་། དྲང་བདེན་གྱི་ཐག་གཅོད་གང་ཡང་བྱུང་མེད་པ་མིང་བཤད་འདོད་མེད་པའི་གནས་ཚུལ་དེའི་སྐོར་རྒྱུས་ཡོད་མི་སྣ་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
འདི་ཚེས་༢༤ཉིན་འདི་ག་རླུང་འཕྲིན་ཁང་ལ་ཉེ་ཆར་ཕྱི་ཟླ་དགུ་བའི་ཚེས་༢༠ཉིན་བཀོད་པའི་ཁྲིམས་ཁང་གི་བཅད་ཁྲའི་ཡིག་ཆ་དེ་ལག་སོན་བྱུང་བའི་ནང་དུ། མགོན་པོ་སྐྱིད་ལགས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་སྤྱི་བདེ་ཡན་ལག་ཁང་ཁྲིམས་གཏུག་བྱས་པ་དང་། ད་ལོའི་ཕྱི་ཟླ་གསུམ་པའི་ཚེས་༢༥ཉིན་ཁྲིམས་གཏུག་རྩོད་གཞིའི་གྱོད་དོན་དེ་ངོས་ལེན་བྱས་ལུགས་དང་། ཡང་ད་ལོའི་ཕྱི་ཟླ་དྲུག་པའི་ཚེས་༢༧ ཉིན་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་མི་དམངས་ཁྲིམས་ཁང་དུ་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་ཡོད་ལུགས་དང་བཅས། ཁྲིམས་འགལ་དངོས་དོན་གསལ་བོ་མེད་པ་དང་བདེན་དཔང་མེད་ཚུལ་སོཊ་ཡིག་ཆའི་ནང་བཀོད་འདུག
ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསར་དུ་འབྱོར་བའི་བརྙན་ཐུང་ཞིག་གི་ནང་དུ་མགོན་པོ་སྐྱིད་ལགས་ཀྱིས། ཁོང་མོར་ཉེན་རྟོག་པས་གཅར་རྡུང་བཏང་ནས་ནད་པར་བཏང་ཡོད། ངས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་སྐྱོན་ཆ་གང་ཡང་བྱས་མེད་ཅེས་དང་། ཁྱོད་ཚོས་རྒྱལ་ཁབ་ཀྱི་ཁྲིམས་ཇི་བཞིན་ལག་བསྟར་མ་བྱས་ན་ངས་སྔོན་མ་ནང་བཞིན་མུ་མཐུད་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་ཀྱང་གསུངས་འདུག
མགོན་པོ་སྐྱིད་ལགས་ཀྱིས་ཁོང་མོའི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལགས་ལ་མ་ཉེས་ཁག་གཡོག་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དེ་ནི་དྲང་བདེན་མིན་པས་ བསྐྱར་དུ་ཁྲིམས་བཤེར་བྱ་དགོས་ཞེས་འདས་བའི་ལོ་འགའི་རིང་བོད་རང་སྐྱོང་ལྗོངས་མཐོ་རིམ་ཁྲིམས་ཁང་གི་མདུན་དུ་ཞུ་སྐུལ་ལས་འགུལ་བསྟུད་མར་སྤེལ་ཡོད་པ་དང་། ས་གནས་ཉེན་རྟོག་པས་ཁོང་འཛིན་བཟུང་བཀག་ཉར་དང་ཐེངས་མང་གཅར་རྡུང་བཏང་བའི་གནས་ཚུལ་བརྙན་པར་དང་བཅས་འདི་ག་རླུང་འཕྲིན་ཁང་ལ་ལག་སོན་བྱུང་ཡོད་ལ། བརྙན་པར་ནང་ཁོང་མོར་གཅར་རྡུང་བཏང་བའི་རྨ་ཤུལ་ལུས་སྟེང་དུ་སྔོ་ཐུག་ཕོག་པ་དེ་དག་མཐོང་ཐུབ།
ལྷ་ས་གྲོང་ཁྱེར་གྱི་རྒྱ་ནག་ཉེན་རྟོག་པས་ཁོ་མོར་གཅར་རྡུང་དྲག་པོ་བཏང་བའི་རྐྱེན་གྱིས་ཕྱི་ཟླ་བདུན་པ་ནས་བརྒྱད་པའི་བར་སྨན་ཁང་དུ་ཟླ་བ་གཅིག་ལྷག་རིང་ལ་སྨན་བཅོས་བྱེད་དགོས་བྱུང་ཡོད་པ་དང་། ད་ལྟའང་གཟུགས་གཞིའི་གནས་སྟངས་ཡག་པོ་མེད་སྟབས་གསོ་བཅོས་བྱེད་བཞིན་ཡོད་སྐོར་གནས་ཚུལ་རྒྱུས་ཡོད་མི་སྣ་ཞིག་གིས་ངོ་སྤྲོད་གནང་བྱུང་།
གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།