བོད་དོན་རྒྱབ་སྐྱོར་བས་རྡ་སར་གཟིགས་སྐོར།
འཇར་མན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་ཞིབ་ཕེབས།
-
2017-10-26 -
-
-
འཇར་མན་ནང་རྟེན་གཞི་བྱས་པའི་ Tibet Kailash haus ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་འགན་འཛིན་སྐུ་ཞབས་ Wilfried Pfeffer ལགས་ཀྱིས་སྣེ་ཁྲིད་འོག ལོ་ལྟར་འཇར་མན་ས་ཁུལ་ཁག་འདྲ་མིན་ནང་གི་གལ་ཆེའི་མི་སྣ་ཁག་ཅིག་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་དང་། བོད་མིའི་འཐབ་རྩོད་ཀྱི་གནས་བབ་སོགས་ཤེས་ཐབས་དང་རྒྱུས་ལོན་ཆེད་བཞུགས་སྒར་དུ་ཆེད་ཕེབས་གནང་སྲོལ་ཡོད་པ་བཞིན། ཁ་ས་ཚེས་༢༥ཉིན་སྐུ་ཞབས་Wilfred Pfeffer ལགས་ཀྱིས་སྣེ་འཁྲིད་འོག་མི་སྣ་༢༠ཙམ་ལས་གྲུབ་པའི་འཇར་མན་གྱི་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་གནང་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། སྐུ་ཞབས་Wilfred Pfeffer ལགས་གཙོས་ཇར་མན་སྐུ་ཚབ་ཚོགས་པའི་བཞུགས་སྒར་ཁུལ་གྱི་ལས་རིམ་ནང་། ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོ་ཁོང་རྣམས་ནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱུན་ལས་དང་། ཚེ་མཆོག་གླིང་དགོན་པའི་སློབ་སྟོན་པ་དང་མཇལ་འཕྲད་གནང་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་ཤིང་། དེར་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་ཟབ་རྒྱས་ཞུས་ཐོག བོད་ཕྱི་ནང་གཉིས་ཀྱི་ད་ལྟའི་གནས་བབ་དང་། འདས་པའི་བོད་ཀྱི་ལོ་རྒྱུས་སྙིང་བསྡུས། མ་འོངས་བོད་རྒྱ་ཞི་མོལ་ཡོང་ཐབས་སླད་འབད་བརྩོན་ཇི་ལྟར་གནང་བཞིན་ཡོད་པའི་སྐོར་སོགས་ཞིབ་ཕྲ་ངོ་སྤྲོད་གནང་འདུག གཞན་ཡང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ཚོགས་འདུའི་འགྲོ་ལུགས། རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚོགས་པ་ཁག་དང་། ཚོགས་པ་དེ་རྣམས་ཀྱི་ལྷན་ཚོགས་སོགས་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་ཆབས་ཅིག འཇར་མན་སྐུ་མགྲོན་རྣམས་ལ་ཁོང་རྣམས་རང་ཡུལ་དུ་ཕྱིར་ཕེབས་འབྱོར་མཚམས་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་མང་གསར་འཛུགས་དང་། ལྷག་པར་་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚགས་ཚུད། སྲ་བརྟན་ཡོང་སླད་ནུས་པ་རྒྱ་ཆེར་འདོན་གནང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་ཡོད་འདུག མཐའ་དོན་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་Wilfred Pfeffer ལགས་སུ་ཆེ་བསྟོད་ཕྱག་རྟགས་དང་། གཞན་སྐུ་མགྲོན་ཡོངས་ལ་དམིགས་བསལ་གྱི་ཐུགས་རྗེ་ལེགས་སྲོལ་ཞུས་གནང་ཡོད་འདུག གནས་ཚུལ་ནང་གསལ་བར་སྐུ་ཞབས་ Wilfried Pfeffer ལགས་ཀྱིས་ལོ་ངོ་ ༤༠ ལྷག་རིང་བོད་ཀྱི་འཐབ་རྩོད་སྲ་བརྟན་དང་ཚགས་ཚུད་ཡོང་སླད་བོད་མིའི་ཤེས་ཡོན་དང་། ཆབ་སྲིད། རིག་གཞུང་སོགས་གོང་འཕེལ་ཆེད་ད་བར་དཔལ་འབྱོར་མཐུན་འགྱུར་གནང་དང་གནང་མུས་ཡིན་པ་དང་། བོད་མིའི་འཐབ་རྩོད་ཐོག་དུས་རྟག་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་གསལ་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།