ཁྲེན་ཀོང་ཁྲེང་ཨ་རིའི་ནང་སློབ་སྦྱོང་ཆེད་ཡོང་འཆར་ཡོད་པ།
2012.05.05
༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་དེ་རིང་ཕྱི་ཚེས་༥ཉིན། རྒྱ་ནག་ནས་ཕེབས་ཐོན་གནང་ཡོད་པ་དང་། ཡིན་ནའང་ ཁྲེན་ཀོང་ཁྲེང ད་དུང་ཡང་པེ་ཅིན་ཁྲོའོ་ཡང་སྨན་ཁང་དུ་ཡོད་མུས་ཡིན་ཞིང་། དེའི་གོང་མི་མང་པོས་ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ནས་ཕེབས་ཐོན་གནང་བའི་སྐབས། ཁྲེན་ཀོང་ཁྲེང་ཡང་མཉམ་དུ་རྒྱ་ནག་ནས་ཁ་བྲལ་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་། ད་ལྟའི་ཆར་ ཁྲེན་ཀོང་ཁྲེང་རྒྱ་ནག་ནང་ཡོད་མུས་ཡིན་པ་རེད། དེ་རིང་པེ་ཅིན་ཁྲའོ་ཡང་སྨན་ཁང་གི་བདེ་འཇགས་སྲུང་སྐྱོབ་ཧ་ཅང་དམ་པོ་ཡོད་པ་དང་། སྨན་ཁང་གི་ཕྱི་ལ་ཡོད་པའི་གསར་འགོད་པ་ཚོས་བརྗོད་པར་གཞིགས་ན། དེ་རིང་སྨན་ཁང་གི་གཡས་གཡོན་དུ་ཨ་རིའི་གཞུང་ཚབ་ཀྱི་མི་སྣ་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད། ཁྲེན་ཀོང་ཁྲེང་ཐུག་འཕྲད་བྱེད་པར་བསྐྱོད་མཁན་གྱི་དགའ་ཉེ་སུ་ལའང་སྨན་ཁང་ནང་རྒྱ་ནག་བདེ་འཇགས་མི་སྣས་བཀག་སྟེ་བཏང་མེད་པ་བརྗོད་འདག།
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་གསུངས་ན། རྒྱ་ནག་གཞུང་གིས་ ཁྲེན་ཀོང་ཁྲེང ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་ཆོག་པའི་མོས་མཐུན་བྱས་པ་དེར་ཟབ་ནན་བྱེད་དགོས་པ་དང་། པེ་ཅིན་གཞུང་གིས་ཁ་ནས་བཤད་པ་བཞིན་ཕྲལ་དུ་ལག་བསྟར་མ་བྱས་པར་ གྲན་ཀོང་གྲང་ལ་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་རྒྱུའི་ཐོག་དུས་ཚོད་ནར་འགྱངས་བྱ་སྲིད་པའི་སེམས་ཚབས་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ ཁྲེན་ཀོང་ཁྲེང ་གི་གནད་དོན་ཐོག་ནུས་མེད་ལྟ་བུའི་རྣམ་འགྱུར་བཏོན་ཚེ། དེ་མིན་གྱི་གནད་དོན་དེ་རིགས་དང་འདྲ་བའི་མི་སྣ་ཚོར་ཤུགས་རྐྱེན་ཐེབས་ནས། རྒྱ་ནག་གི་ད་ལོའི་དཔོན་རིགས་ཀྱི་དབང་ཆ་རྩིས་སྤྲོད་ཀྱི་ལས་དོན་ལམ་ལྷོང་ལྡན་པའི་ངང་ཡོང་རྒྱུར་ཤུགས་རྐྱེན་ངན་པ་བཟོ་སྲིད་པ་རྒྱ་ནག་གཞུང་ལ་སེམས་ཚབས་ཡོད་པའི་སྐོར་གསུངས་ཡོད་འདུག གྲན་ཀོང་གྲང་ཕྱི་རྒྱལ་དུ་སྨན་བཅོས་དང་སློབ་སྦྱོང་བྱེད་པར་འགྲོ་འདོད་ཡོད་པའི་འདོད་ཚུལ་བཏོན་པའི་རྗེས། རྒྱ་ནག་གཞུང་གིས་གྲན་ཀོང་གྲང་གིས་རྒྱ་ནག་གི་སྤྱི་འབངས་གཞན་ནང་བཞིན་ལུགས་མཐུན་གྱི་འགྲོ་ལུགས་གཉེར་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་ཕྱིན་ན་སྒྲིག་ལུགས་བརྗོད་ཡོད་པ་དང་། ཨ་རིའི་ནིའུ་དབྱོག་སློབ་གྲྭ་ཆེན་མོས་ཀྱང་གྲན་ཀོང་གྲང་སློབ་གྲྭ་དེའི་ནང་སློབ་སྦྱོང་བྱེད་པར་ཡོང་རྒྱུར་གདན་ཞུ་གནང་ཟིན་པ་སློབ་གྲྭ་དེའི་མགྲིན་ཚབ་པས་ཕྱིར་བསྒྲགས་གནང་ཡོད་པ་རེད༎