རྒྱ་ནག་ནི་རྒྱལ་ཁབ་ཀྱི་ས་མཚམས་བརྒལ་ནས་མང་ཚོགས་ལ་དྲག་གནོན་བྱེད་མཁན་སྡུག་ཤོས་གྲས་ཡིན་པ་ཐེར་འདོན་གནང་འདུག

ཨ་རིའི་རང་དབང་ཁང་པའི་ཞིབ་འཇུག་སྙན་ཐོ་གསར་བའི་ནང་རྒྱ་ནག་ནི་རྒྱལ་ཁབ་ཀྱི་ས་མཚམས་བརྒལ་ནས་མང་ཚོགས་ལ་དྲག་གནོན་བྱེད་མཁན་སྡུག་ཤོས་གྲས་ཡིན་པ་ཐེར་འདོན་གནང་འདུག

ཨ་རིའི་ནང་གི་རང་དབང་ཁང་པ་(Freedom House)་དྲྭ་ངོས། སྒྲིག་བཟོ།/RFA

འདི་ཚེས་༦ཉིན་ཨ་རིའི་ནང་གི་རང་དབང་ཁང་པ་(Freedom House)་ཞེས་པའི་ཞིབ་འཇུག་ཁང་གིས་བཏོན་པའི་སྙན་ཐོ་ལྟར་ན། འདས་བའི་སྤྱི་ལོ་༢༠༢༢ལོར་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་ཐོག་ལ་རྒྱལ་ཁབ་ཀྱི་ས་མཚམས་བརྒལ་ནས་དྲག་གནོན་བྱེད་མཁན་གྱི་གཞུང་མང་དུ་ཕྱིན་ཡོད་པ་དང་། དེའི་ནང་ནས་རྒྱ་ནག་གཞུང་ནི་རྒྱལ་ཁབ་ཀྱི་ས་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་མཁན་ནག་ཉེས་ཆེ་ཤོས་ཡིན་པའི་སྐོར་གསལ་སྟོན་གནང་འདུག
འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རང་དབང་ཁང་པ་ཞེས་པའི་ཞིབ་འཇུག་ཁང་དེས་བཏོན་པའི་སྙན་ཐོ་གསར་བའི་ནང་། འདས་ལོའི་ནང་འཛམ་གླིང་ནང་དྲག་གནོན་གྱི་བྱ་སྤྱོད་ལག་བྱེད་མཁན་གྱི་གཞུང་མང་དུ་ཕྱིན་ཡོད་པ་དང་། དེ་ནི་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་མང་ཚོགས་ཚོའི་ཐོག་ལ་དྲག་རྩུབ་ཀྱི་བྱ་ཐབས་བེད་སྤྱོད་བྱེད་པ་གཙོས་གདུག་རྩུབ་ཀྱི་སྲིད་འཛིན་ལག་བསྟར་བྱས་པའི་སྐོར་ཡོད་པ་དང་། ད་རེས་ཀྱི་ཞིབ་འཇུག་དེའི་ཐོག་ནས་ན་ནིང་༢༠༢༢ལོ་ཁོ་ནར་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་གཞུང་༢༠ཡིས་རྒྱལ་ཁབ་ཀྱི་ས་མཚམས་བརྒལ་ནས་དྲག་གནོན་གྱི་བྱ་སྤྱོད་རྣམ་གྲངས་༧༩ལག་བསྟར་བྱས་ཡོད་པའི་གནས་སྟངས་ཤེས་རྟོགས་བྱུང་བའི་སྐོར་བཀོད་འདུག
ད་དུང་སྙན་ཐོ་དེའི་ནང་། ཞིབ་འཇུག་དེའི་ཐོག་ནས་༢༠༡༤ལོ་ནས་བཟུང་འཛམ་གླིང་གི་རྒྱལ་ཁབ་༩༡ནང་གི་གཞུང་༣༨ཀྱིས་རྒྱལ་ཁབ་ཀྱི་ས་མཚམས་བརྒལ་ནས་ཐད་ཀར་དྲག་གནོན་བྱས་བ་ཉུང་མཐར་ཐེངས་༨༥༤ལག་བསྟར་བྱས་ཡོད་པ་དང་། དེ་དག་ཁྲོད་ལྐོག་གསོད་བྱས་བ་དང་། བཙན་ཁྲིད་བྱས་པ། ཁྲིམས་འགལ་གྱི་ནག་ཉེས་བཙུགས་པ། དོ་དམ་བཀག་ཉར་བྱས་པ། ཁྲིམས་འགལ་གྱིས་ཕྱིར་འབུད་བཏང་བ་སོགས་ཀྱི་བྱ་སྤྱོད་ཚུད་ཡོད་པའི་སྐོར་བཀོད་པ་མ་ཟད། རྒྱ་ནག་གཞུང་དང་། ཏུར་ཀེ་(Turkey) ཏཱ་ཇེ་ཀིསུ་ཐན་(Tajikistan) ཪ་ཤེ་ཡ་། ཨེ་ཇིབ་(Egypt)་བཅས་རྒྱལ་ཁབ་བཞི་པོ་དེ་དག་གི་གཞུང་ནི་རྒྱལ་ཁབ་ཀྱི་ས་མཚམས་བརྒལ་ནས་གཞུང་དང་ལྟ་བ་མི་མཐུན་མཁན་གྱི་མང་ཚོགས་ཚོའི་ཐོག་ལ་དྲག་གནོན་བྱེད་མཁན་ཚབས་ཆེའི་ནག་ཉེས་ཅན་རིམ་པ་སྡུག་ཤོས་ཡིན་པའི་སྐོར་ཐེར་འདོན་གནང་འདུག
རྒྱ་ནག་ལ་མཚོན་ན་དཔེར་ན། སྤྱི་ལོ་༢༠༡༤ནས་བཟུང་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ས་མཚམས་བརྒལ་ནས་ཐད་ཀར་དྲག་གནོན་གྱི་བྱ་སྤྱོད་ཐེངས་༢༥༣ལག་བསྟར་བྱས་ཡོད་པར་བརྟེན། རྒྱ་ནག་ནི་འཛམ་གླིང་ནང་ནས་ས་མཚམས་བརྒལ་ནས་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་མཁན་གྱི་གཞུང་ནག་ཉེས་ཅན་ཚབས་ཆེ་ཤོས་ཡིན་པའི་སྐོར་ཐེར་འདོན་གནང་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org