བོད་ནག་ཆུ་ཁུལ་དུ་བོད་མི་བཞི་ལ་ཁྲིམས་བཅད།
2010.01.28
༄༅༎བོད་ནག་ཆུ་ཁུལ་གྱི་སོག་རྗོང་ནང་བོད་མི་བཞི་ལ་ལོ་གཅིག་ནས་གསུམ་བར་བཙོན་དུས་ཀྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག་༎
དེ་ཡང་ཚེས་༢༨ཉིན་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་དོན་ལ་གཞིགས་ན་ བོད་ནག་ཆུལ་ཁུལ་གྱི་སོག་རྗོང་གི་ས་གནས་རྒྱ་ནག་གི་ཁྲིམས་ཁང་ནས་དགུང་གྲངས་༤༤ཡིན་པ་དགེ་འདུན་ཡེ་ཤེས་སྦྱིན་པ་ལགས་དང་ དགུང་གྲངས་༢༡ལོན་པའི་བསྟན་འཛིན་དར་རྒྱས་ལགས་དང་ དགུང་གྲངས་༡༧ལོན་པ་ནོར་བུ་བཟང་པོ་ལགས་དེ་བཞིན་དགུང་གྲངས་༤༨ལོན་པ་བཙུན་མ་ཆོས་སྒྲོན་ཞུ་བ་བཅས་ལ་ལོ་གཅིག་ནས་གསུམ་བར་བཙོན་དུས་ཀྱི་ཁྲིམས་ཐག་བཅད་པ་དང་ གནས་ཚུལ་འདི་ཕ་ཡུལ་ནག་ཆུ་ཁུལ་ནས་ཡིན་པ་དང་དེང་བཞུགས་སྒར་རུ་བཙན་བྱོལ་དུ་འབྱོར་བོད་མི་ངག་དབང་ཐར་པ་ལགས་ཀྱིས་ངོ་སྤྲོད་གནང་ཡོད་པ་རེད་ གོང་གསལ་བཙོན་དུས་ཀྱི་ཁྲིམས་ཐག་ཕོག་པའི་ཁོངས་ནས་ སོག་རྗོང་གི་ཚེ་བསྟན་དགོན་པའི་དགེ་འདུན་པ་ཡེ་ཤེས་སྦྱིན་པ་ལགས་སུ་ལོ་གཉིས་རིང་བཙོན་དུས་ཀྱི་ཁྲིམས་ཐག་དང་ བསྟན་འཛིན་དར་རྒྱས་ལགས་སུ་ལོ་གསུམ་རིང་བཙོན་དུས་ཀྱི་ཉེས་ཆད་ཕོག་ཡོད་པ་རེད་ ཡེ་ཤེས་སྦྱིན་པ་ལགས་སྔ་ལོ་ཕྱི་ཟླ་༡༢པའི་ཚེས་༢ཉིན་སྨན་གཏུགས་ཆེད་ལྷ་སར་ཞུགས་པའི་སྐབས་ས་གནས་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་འདུག་པ་དང་ ཡང་བསྟན་འཛིན་དར་རྒྱས་ལགས་ལྷ་ས་གཙུག་ལག་ཁང་དུ་ཕྱག་ཚལ་གནང་བཞིན་པའི་སྐབས་འཛིན་བཟུང་བྱས་ཡོད་པ་རེད་ གཞན་ད་རེས་བཙོན་དུས་ཀྱི་ཁྲིམས་ཆད་ཕོགས་པའི་ནང་ ན་གཞོན་ནོར་བུ་བཟང་པོ་ལགས་དང་བཙུན་མ་ཆོས་སྒྲོན་ཞུ་བ་གཉིས་ལ་ལོ་གཅིག་རིང་བཙོན་དུས་ཀྱི་ཉེས་ཆད་བཀལ་ཡོད་པ་རེད་ ཁོང་རྣམས་གཉིས་ནས་གོང་གསལ་དགེ་འདུན་པ་ཡེ་ཤེས་སྦྱིན་པ་ལགས་དང་ལྷ་ས་གཙུག་ལག་ཁང་དུ་བསྟན་འཛིན་དར་རྒྱས་ལགས་གཉིས་སུ་ཉིན་དགུང་ཞལ་ལག་འབུལ་བར་བསྐྱོད་སྐབས་ཉེན་རྟོགས་པས་འཛིན་བཟུང་བྱས་ཡོད་པ་རེད་ གོང་གསལ་བོད་མི་དེ་དག་ཐོག་མར་འཛིན་བཟུང་བྱ་དགོས་དང་ད་རེས་ཁྲིམས་ཐོག་ནས་བཙོན་དུས་ཀྱི་ཉེས་ཆད་བཀལ་དགོས་དོན་གྱི་ནག་ཉེས་ཇི་ཡིན་སྐོར་གནས་ཚུལ་གསལ་ཁ་གང་ཡང་བརྗོད་མེད་པ་རེད་༎