ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་བྱ་སྤྱོད་ལ་ངོ་རྒོལ་སྐྱོན་འཛུགས་བྱས་འདུག

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་དང་འབྲེལ་བའི་གནས་སྟངས་ཐོག་ནས་ལི་ཐུ་ནིཡར་གནོན་ཤུགས་སྤྲད་པའི་བྱ་སྤྱོད་ཐད་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ངོ་རྒོལ་སྐྱོན་འཛུགས་བྱས་འདུག

ལི་ཐུ་ནིཡའི་(Vilnius)་ནང་གི་ཐེ་ཝན་གྱི་གཞུང་འབྲེལ་ལས་ཁུངས་ཀྱི་སྒོ་བྱང་། ༡༡།༢༠༢༡ AFP

འདི་ཚེས་༢༧་གཟའ་ཕུར་བུའི་ཉིན། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་དང་འབྲེལ་བའི་གནས་སྟངས་ཐོག་ནས་ཐེ་ཝན་གྱི་གནད་དོན་ཐད་ལི་ཐུ་ནི་ཡའི་(Lithuania)་ལངས་ཕྱོགས་ལ་གནོན་ཤུགས་སྤྲད་པར་(Brussels)་ཀྱི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སར་ངོ་རྒོལ་སྐྱོན་འཛུགས་བྱས་འདུག
སྤྱིར་ཉེ་བའི་ཆར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཁོངས་ཀྱི་ཡུལ་གྲུ་ཁག་དང་རྒྱ་ནག་བར་གྱི་ཚོང་དོན་འབྲེལ་བ་སོགས་གང་ཅིའི་ཐད་ནས་ཕན་ཚུན་གཅིག་གིས་གཅིག་ལ་སྐྱོན་འཛུགས་བྱེད་བཞིན་པའི་གནས་སྟངས་འོག་ཕན་ཚུན་གྱི་འབྲེལ་བ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ལྷག་དོན་ཉེ་བའི་ཆར་རྒྱ་ནག་གཞུང་གིས་ཡོ་རོབ་ཀྱི་ཡུལ་གྲུ་ཆུང་ཤོས་གྲས་ཡིན་པ་ལི་ཐུ་ནིཡའི་ས་གནས་(Vilnius)་ནང་ཐེ་ཝན་གྱི་གཞུང་འབྲེལ་ལས་ཁང་ཞིག་ཆེད་འཛུགས་བྱས་བ་དེར། རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་ཏེ་ཐེ་ཝན་དེ་རྒྱ་ནག་གི་ཆབ་འབངས་མངའ་ཁོངས་ཡིན་ལུགས་ཤོད་ཀྱི་ཡོད་པ་དང་། དེ་བཞིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོང་དོན་གྱི་སྤྱི་ཁྱབ་འགན་འཛིན་(Valdis Dombrovskis)་ཡིས་གསུངས་པར། ཡུལ་གྲུ་གང་ཞིག་གིས་ཡུལ་གྲུ་གཞན་ཞིག་དང་གང་ཅིའི་འབྲེལ་བ་ཐག་གཅོད་བྱེད་སྐབས། ཡུལ་གྲུ་དེ་གཉིས་ཕན་ཚུན་མཉམ་རུབ་ཀྱི་མོས་མཐུན་བྱས་ཏེ་གནད་དོན་དེ་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་པ་ལས་དེ་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་གནད་དོན་ཐག་གཅོད་ཡོང་རྒྱུའི་ཐབས་ལམ་དེ་འདྲ་ཞིག་ཡོང་ཤེས་ཐབས་མེད་པའི་མཐོང་ཚུལ་ཡོད་ལུགས་གསུངས་འདུག
རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གནད་དོན་དེའི་ཐད་ནས་ལུ་ཐུ་ནི་ཡའི་ཡུལ་ནས་རྒྱ་ནག་ལ་ཚོང་ཟོག་ནང་འདྲེན་བཀག་སྡོམ་བྱས་ཡོད་པ་དང་། དེ་བཞིན་དཔལ་འབྱོར་གྱི་འབྲེལ་བ་ལ་སོགས་པར་དམ་བསྒྲགས་བཟོས་ཡོད་པ་རེད།
དེར་བརྟེན་ཡོ་རོབ་མཉམ་མཐུན་ཡུལ་ཁག་ཚོས་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་སྒྲིག་གཞི་ལས་མི་འགལ་བ་ཞིག་དང་། དེ་བཞིན་ལི་ཐུ་ནི་ཡ་ཐེ་བའི་ཡོ་རོབ་མཉམ་འབྲེལ་འཐུས་མི་ཡུལ་ཁག་༢༧་ཡོད་པ་དེ་རྣམས་ཀྱི་ཚོང་ལས་དཔལ་འབྱོར་གྱི་འབྲེལ་བའི་ཐད། ཕྱིའི་ཡུལ་གྲུ་གཞན་གྱིས་དེར་སྟངས་འཛིན་དབང་ཇུས་བྱེད་པའི་རིགས་ནམ་ཡང་འཇུག་རྒྱུ་མིན་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད།

གསར་འགོད་པ། ཕྲ་རིང་བསྟན་ནོར།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org