ཡོ་རོབ་ཏུ་བོད་མི་ན་གཞོན་ལ་བོད་ཀྱི་ཁོར་ཡུག་ངོ་སྤྲོད།
2010.09.20
༄༅༎བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་ཕྱི་ཚེས་༡༦ནས་༡༩བར་སུད་སི་ཁུལ་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་གོ་སྒྲིག་གནང་བའི་ལས་དོན་དང་ལག་རྩལ་བརྗེ་རེས་ཀྱི་ཟབ་སྦྱོང་ཐེངས་གཉིས་པའི་ཐོག་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནད་དོན་ཁག་གི་སྐོར་གཏམ་བཤད་གནང་ཡོད་པ་རེད།
སུད་སི་དང་ཇར་མ་ནི་གཉིས་ནས་བོད་རིགས་གཞོན་སྐྱེས་༢༠ལྷག་ཙམ་ཞིག་མཉམ་འཛོམས་གནང་ནས་གསར་འགྱུར་བརྒྱུད་ལམ་དང་། བོད་དོན་ལས་འགུལ་སྤེལ་ཕྱོགས། མང་ཚོགས་ལ་གཏམ་བཤད་བྱེད་སྟངས་སོགས་ཀྱི་ཟབ་སྦྱོང་ནང་མཉམ་ཞུགས་གནང་འདུག།
བཙན་བྱོལ་བོད་གཞུང་ཕྱི་དྲི་ལས་ཁུངས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་ བོད་ནང་གི་ཁོར་ཡུག་དང་གནམ་གཤིས་ལ་འགྱུར་བ་འགྲོ་གི་ཡོད་པའི་གནས་ཚུལ་ཆུ་ཚོད་གཅིག་རིང་ངོ་སྤྲོད་དང་འབྲེལ་དྲི་བ་དྲི་ལན་ལྷུག་པོ་གནང་ཡོད་པ་མ་ཟད། ད་ལྟའི་སྐབས་འདིར་རྒྱ་ནག་གཞུང་གིས་བོད་ནང་གི་འབྲོག་པ་ཚོ་བཙན་ཤེད་ཀྱིས་གནས་སྤོས་བྱེད་དུ་བཅུགས་ཀྱི་ཡོད་པ་དང༌། བོད་ནང་གི་གཏེར་ཁ་གང་བྱུང་སྔོག་འདོན་བྱེད་ཀྱི་ཡོད་པའི་གནས་ལུགས་འགྲེལ་བཤད་གནང་འདུག།
ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ་ནོར་འཛིན་ལྷ་མོ་ལགས་ཀྱིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བོད་རིགས་ན་གཞོན་ཚོས་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་སྐོར་གྱི་གཏམ་བཤད་ལ་མོས་པོ་གནང་ཡོད་སྐོར་གསུང་འདུག་ལ། བསྟན་འཛིན་ནོར་བུ་ལགས་ཀྱིས་ཟབ་སྦྱོང་ནང་ཕེབས་མཁན་བོད་པའི་ན་གཞོན་ཚོས་བོད་ནང་གི་ཁོར་ཡུག་གནས་སྟངས་ཇེ་སྡུག་ཏུ་འགྲོ་གི་ཡོད་པར་བློ་འཚབ་ཆེན་པོ་གནང་གི་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱ་TibetNetལ་མྱུར་འཕྲིན་e-mailབཏང་གནང་བཞག།