སྲིད་སྐྱོང་བསྐྱར་བདམས་དང་བོད་རྒྱ་གྲོས་མོལ་གྱི་རེ་བ།


2016.05.16
སྲིད་སྐྱོང་བློ་བཟང་སེང་གེ་ལགས། ༢༠༡༦ སྲིད་སྐྱོང་བློ་བཟང་སེང་གེ་ལགས། ༢༠༡༦
AFP

ཉེ་སྔོན་ཕྱི་ཟླ་གསུམ་པའི་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཐུགས་འཁུར་དུ་བསྐྱར་དུ་འོས་འདེམས་བྱུང་བ་དེས་རྒྱ་བོད་ཀྱི་གྲོས་མོལ་བསྐྱར་གསོའི་རེ་བ་ཞིག་བསྐྱར་དུ་སློང་བའི་སྐོར་གནས་ཚུལ་སྤེལ་འདུག།
དེ་ཡང་ཨ་རིའི་རླུང་འཕྲིན་ཁང་གི་དབྱིན་ཇིའི་སྡེ་ཚན་གྱི་གསར་འགོད་པ་Shannon Van Santགྱིས་ཕྱི་ཚེས་༡༦་ཉིན་གནས་ཚུལ་སྤེལ་དོན་ལྟར་ན། བདམས་ཐོན་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདི་ལོའི་འོས་བསྡུའི་བརྒྱུད་རིམ་ཐོག་ཁོང་གི་འཛིན་སྐྱོང་གི་ཐུགས་འགན་གཙོ་བོ་དེ་རྒྱ་བོད་གྲོས་མོལ་བསྐྱར་གསོ་གནང་རྒྱུ་དེ་ངོས་འཛིན་གནང་གི་ཡོད་པ་དང་། རྒྱ་ནག་གི་ངོས་ནས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་དོན་དམ་གྱི་རང་སྐྱོང་གི་གྲོས་འཆར་བཏོན་པའི་དགེ་མཚན་ལ་རྒྱུ་མཚན་གཟིགས་ཐུབ་པའི་རེ་བ་ཡོད་པའི་སྐོར་གསུངས་པ་གསར་འགོད་པ་དེ་ཉིད་ཀྱིས་ལུང་འདྲེན་གནང་ནས་གྲོས་མོ་བསྐྱར་གསོའི་རེ་བ་ཞིག་བཀོད་གནང་འདུག།  
དེ་བཞིན་དུ་དབྱིན་ཡུལ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ཀྱིས། རྒྱ་བོད་ཀྱི་གྲོས་མོལ་བསྐྱར་གསོ་གནང་ཐུབ་མིན་དེ་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་རག་ལས་ཀྱི་ཡོད་དུས། ད་ལྟ་རྒྱ་ནག་འཛམ་གླིང་ནང་དཔལ་འབྱོར་གྱི་ནུས་སྟོབས་ཇེ་ཆེར་ཕྱིན་ནས་ཐག་གཅོད་ཀྱི་དབང་ཚད་ཡོད་པ་དེ་དབུས་བོད་མའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཀྱིས་གདོང་ལེན་གནང་དགོས་པའི་གནད་དོན་གཙོ་བོ་དེ་ཡིན་པའི་དགོངས་ཚུལ་གསུངས་འདུག། འོན་ཀྱང་འདི་ལོའི་འོས་བསྡུའི་ནང་བཙན་བྱོལ་བོད་མི་བརྒྱ་ཆ་༥༨་གྱིས་རྒྱབ་སྐྱོར་གྱི་ཐོག་ནས་བསྐྱར་དུ་སྲིད་སྐྱོང་དུ་འོས་འདེམས་གནང་ཡོད་པ་དེས་རྒྱ་ཆེ་མི་མང་གི་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་པའི་རྒྱུ་མཚན་བཀོད་འདུག།
རྒྱ་ནག་གི་ངོས་ནས་བོད་མིའི་སྒྲིག་འཛུགས་དེ་ཁྲིམས་འགལ་ཡིན་པ་དང་། འོས་བསྡུ་དེ་འཁྲབ་སྟོན་ཞིག་ཡིན་པ་སྐྱོན་བརྗོད་བྱས་ཡོད་པ་རེད། ཕྱི་ལོ་༢༠༡༠་བར་དུ་རྒྱ་བོད་ཀྱི་གྲོས་མོལ་ཐེངས་མང་གནང་ཡོད་ཀྱང་དོན་དམ་གྱི་གྲུབ་འབྲས་བྱུང་མེད་ཅིང་། དེའི་རྗེས་སུ་གྲོས་མོལ་མཚམས་ཆད་ཡོད་པ་དང་། ཨ་མི་རི་ཀའི་ཀོ་ལོམ་སྦས་གཙུག་ལག་སློབ་གཉེར་ཁང་བོད་གནས་ཉམས་ཞིབ་པ་Robert Barnett་གྱིས་གྲོས་མོལ་བསྐྱར་གསོའི་རེ་བ་ཆེན་པོ་མེད། འོན་ཀྱང་རྒྱ་ནག་གིས་འགྱུར་བ་གཏོང་སྲིད་པའི་དགོངས་ཚུལ་གསུངས་ཡོད་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎