བོད་ནང་འགུལ་ཚད་རིམ་པ་ལྔ་ཚེག་གསུམ་ཅན་གྱི་ས་ཡོམ་རྒྱབ་པ།

བོད་ནང་ནག་ཆུ་ས་ཁུལ་ཨ་མདོ་ཕྱོགས་སུ་འགུལ་ཚད་རིམ་པ་ལྔ་ཚེག་གསུམ་ཅན་གྱི་ས་ཡོམ་རྒྱབ་ཡོད་པ་རེད།

ས་འགུལ་རྒྱབ་ཡུལ་ནག་ཆུ་ཨ་མདོ་ཕྱོགས་ཀྱི་ས་ཁྲ། lhuboom/RFA

དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་དང་པོའི་ཚེས་༡༤རེས་གཟའ་ཕུར་བུའི་ཉིན། ནག་ཆུ་ས་ཁུལ་ཨ་མདོ་རྫོང་གི་ཕྱོགས་སུ་འགུལ་ཚད་རིམ་པ་ལྔ་ཚེག་གསུམ་ཅན་གྱི་ས་ཡོམ་རྒྱབ་ཡོད་ཀྱང་ད་ལྟའི་ཆར་མི་ཤི་རྨས་ཀྱི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཐོག་ཐོན་མེད་པ་རེད་།
རྒྱ་ནག་ཤིན་ཧཱ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་ས་ཡོམ་འབྲེལ་མཐུད་ལས་ཁང་གིས། བོད་ཀྱི་ཨ་མདོའི་ས་ཁུལ་ནང་དུ་དེ་རིང་སྔ་དྲོའི་ཚོུད་༤་དང་སྐར་མ་༣༤ ཐོག་ས་ཡོམ་འགུལ་ཚད་ལྔ་དང་གྲངས་ཆུང་༣ བྱས་པ་ཞིག་རྒྱབ་ནས་བྱང་ཕྱོགས་སུ་རིམ་པ་སུམ་ཅུ་སོ་གཉིས་ལྷག་དང་། ཤར་ཕྱོགས་སུ་རིམ་པ་༩༢ ཙམ་དང་། གཏིང་དུ་རིང་ཚད་སྤྱི་ལེ་༡༠རྒྱབ་ཡོད་པའི་སྐོར་བཤད་ཡོད་པ་ལུང་འདྲེན་བྱས་འདུག
ད་དུང་ས་ཡོམ་རྒྱབ་ཡུལ་ས་གནས་གཞུང་གིས་། ས་ཡོམ་དེ་ཡིས་ས་ཁུལ་དེའི་ནང་འགུལ་ཤུགས་ཧ་ཅང་ཆེན་པོ་བྱུང་ཡོད་པ་དང་། འོན་ཀྱང་ད་ལྟའི་འཆར་མི་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད་ལ་། མཚོ་བོད་མེ་འཁོར་ལྕགས་ལམ་ཟེར་བར་གནོད་འཚེ་གང་ཡང་བྱུང་མེད་ལུགས་དང་། ད་ལྟ་ས་གནས་གཞུང་གིས་ས་ཡོམ་རྒྱབ་ཡུལ་གྲོང་ཚོ་ཁག་ཏུ་ཛ་དྲག་གི་ལས་དོན་རུ་ཁག་ཆེད་གཏོང་བྱས་ལུགས་བཤད་ཡོད་པ་ལས་ས་ཡོམ་རྒྱབ་ཡུལ་གྱི་ཨ་མདོའི་ས་ཆ་བྱེ་བྲག་མིང་དང་། རྒྱུ་དངོས་ཇི་ཙམ་གནོད་འཚེ་བྱུང་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་བཀོད་མེད་པ་རེད།  
ནག་ཆུ་ཨ་མདོ་ས་ཁུལ་དེ་ནི་བོད་ཀྱི་བྱང་ཕྱོགས་སུ་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་ས་ནས་སྤྱི་ལེ་༣༣༠ཙམ་གྱི་མཚམས་སུ་རྒྱ་མཚོ་ནས་མཐོ་ཚད་མི་ཀྲར་བཞི་སྟོང་ལྔ་བརྒྱའི་ཐོག་ཆགས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org