རྒྱ་ནག་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་གནང་དགོས་སྐོར།
2009.05.14
༄༅༎རྒྱ་ནག་གཞུང་གིས་ཉེ་སྔོན་བོད་མི་ལྔ་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་པའི་གནས་དོན་གླེང་སློང་དང་དེ་བཞིན་སྔ་ལོ་བོད་ཀྱི་ཞི་རྒོལ་ཆེན་མོའི་སྐབས་དོ་དམ་འཛིན་བཟུང་བྱས་པའི་ཁོངས་ནས་བོད་མི་ཆིག་སྟོང་ལྷག་ཙམ་ད་ལྟ་གར་ཡོད་ཀྱི་གནས་ཚུལ་བཅས་རྩད་ཞིབ་གནང་དགོས་སྐོར་བོད་རང་དབང་ལས་འགུལ་ཚོགས་པས་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ལ་འབོད་སྐུལ་ཞུས་འདུག
དེ་རིང་ཚེས་བཅུ་བཞི་ཉིན་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རཀ་རུ་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་ལྷན་ཚོགས་གནང་རྒྱུ་ཡིན་པ་རེད། ད་རེས་ཀྱི་གྲོས་མོལ་ལྷན་ཚོགས་འདིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་མང་པོའི་ཁོངས་ནས་གཙོ་བོ་རྒྱ་ནག་དང་བོད་ནང་དྲང་བདེན་གྱི་ཁྲིམས་བཤེར་ལག་བསྟར་བྱ་ཕྱོགས་དང་ཉེས་ཅན་མི་སྣ་སུ་ཞིག་ཡིན་རུང་ཁྲིམས་ལུགས་གཏུགས་བཤེར་སྐབས་ཁྲིམས་རྩོད་པ་གླ་གཡར་བྱེད་རྒྱུའི་ཐོབ་ཐང་བཅས་དོན་གནད་གཉིས་ཀྱི་ཐོག་གྲོས་མོལ་གནང་འཆར་ཡོད་པ་རེད། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་རྒྱ་ནག་དང་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དབར་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་གནང་རྒྱུར་དགའ་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གླེང་སྟེགས་འདིའི་ཐོག་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་ནས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་ཀྱི་གནད་དོན་ཤུགས་ཆེ་གླེང་སློང་གནང་དགོས་པའི་སྐུལ་འདེགས་གནང་འདུག དམིགས་ཀར་བོད་རང་དབང་ལས་འགུལ་ཚོགས་པས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་གསལ་ལྟར་ན་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་ཀྱིས་ད་རེས་རྒྱ་ནག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་མཇལ་འཛོམས་སྐབས་སྔ་ལོ་བོད་ཀྱི་ཞི་རྒོལ་ཆེན་མོའི་ནང་ཐེ་གཏོགས་ཡོད་ལུགས་ཀྱི་ནག་ཉེས་འོག་རྒྱ་ནག་གཞུང་གིས་ཉེ་སྔོན་བོད་མི་ལྔ་ལ་ཁྲིམས་ཐོག་ནས་ཉེས་པ་སྲོག་ཐོག་བཀལ་བ་དེ་ལམ་སེང་ཕྱིར་འཐེན་དགོས་པ་དང་ལྷག་པར་དུ་བོད་ནང་ཞི་རྒོལ་ཆེན་མོའི་གནད་དོན་ཐོག་རང་དབང་ལྡན་པའི་ཞིབ་འཇུག་འཐུས་གཙང་མ་བྱུང་བར་བོད་མི་ཚོར་ཞི་རྒོལ་དང་འབྲེལ་བའི་ཁྲིམས་བཤེར་ཡོངས་རྫོགས་མཚམས་འཇོག་ཡོང་བའི་དགོས་འདུན་བཏོན་དགོས་སྐོར་གསལ་འདོན་གནང་བཞག།