རྡོ་རྗེ་བཀྲ་ཤིས་ཀྱིས་ཚེ་བཙོན་ཁྲིམས་ཆད་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད་འདུག
རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པའི་ཚོང་པ་རྡོ་རྗེ་བཀྲ་ཤིས་ཀྱིས་ཉེས་བཙུགས་ཁས་ལེན་བྱེད་ཀྱི་མེད་པ་རེད་འདུག
- 2020-03-03
-
-
-
རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པའི་ཚོང་པ་རྡོ་རྗེ་བཀྲ་ཤིས་ཀྱིས་ཉེས་བཙུགས་ཁས་ལེན་བྱེད་ཀྱི་མེད་པ་རེད་འདུག
དེ་ཡང་སྤྱི་ལོ་༢༠༠༨་ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་བ་དང་། ༢༠༡༠་ཟླ་༦་ཚེས་༢༦་ཉིན་ལྷ་སར་རྒྱ་ནག་གི་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་རྭ་ཚོགས་ཏེ། བུ་ལོན་ཁ་བསླུས་བརྒྱབ་པའི་ཉེས་བཙུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་རྩོད་པ་ཝང་ཧྥེའེ་ཡིས་ཉེ་ཆར་ཁོང་ལྷ་སར་སོང་ནས་རྡོ་རྗེ་བཀྲ་ཤིས་དང་ཐུག་འཕྲད་བྱུང་པའི་གནས་ཚུལ་ཞིག་ཟླ་༡ཚེས་༥ཉིན་པོད་འཕྲིན་(weibo)་དྲ་ལམ་དུ་བཀོད་འདུག
ཁོང་གིས་བཀོད་པའི་གནས་ཚུལ་ལྟར་ན། ༢༠༡༩་ལོའི་ཟླ་༡༢་ཚེས་༢༣་ཉིན་ཁོང་གིས་བོད་རང་སྐྱོང་ལྗོངས་བཙོན་ཁང་དུ་ཁྲིམས་ལུགས་གཞིར་བཟུང་རྡོ་རྗེ་བཀྲ་ཤིས་དང་ཐུག་འཕྲད་དགོས་པའི་རེ་བ་བཏོན་ནས་ཉིན་གྲངས་༡༣་ཕྱིན་པ་དང་། ༢༠༢༠་ལོའི་ཟླ་༡་ཚེས་༢་ཉིན་ངོ་ཐུག་གིས་ཐུག་འཕྲད་ཀྱི་འགྲོ་ལུགས་ཡིག་ཆ་ཁག་དངོས་སུ་སྤྲད་དེ་ཉིན་གསུམ་ཕྱིན་ནའང་བཙོན་ཁང་ནས་ད་དུང་ཐུག་འཕྲད་ཀྱི་དུས་ཚོད་གོ་སྒྲིག་བྱས་མི་འདུག
རྒྱ་ནག་གི་ཁྲིམས་ལུགས་ལྟར་ན། ཁྲིམས་རྩོད་པས་བཙོན་ཁང་དུ་ཐུག་འཕྲད་ཀྱི་འབྲེལ་ཡོད་ཡིག་ཆ་སྤྲད་པའི་རྗེས་ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་ཐུག་འཕྲད་ཀྱི་དུས་ཚོད་བཟོ་དགོས་པ་དང་། གལ་ཏེ་འགྲིག་གི་མེད་ན་རྒྱུ་མཚན་འགྲེལ་བརྗོད་དགོས་པ་ལས་དེ་མིན་ཆུ་ཚོད་༤༨་ནང་ཐུག་འཕྲད་ཀྱི་དུས་ཚོད་བཟོ་དགོས་ཀྱི་ཡོད་པ་གཏན་འབེབས་བྱས་ཡོད་པ་གཞི་བཟུང་ལྟར་ན། བཙོན་ཁང་ནས་མངོན་གསལ་དོད་པོས་ཁྲིམས་འགལ་བྱེད་ཀྱི་ཡོད་པ་བརྗོད་འདུག
ད་དུང་ཁོང་གི་པོད་འཕྲིན་ནང་། ད་ལྟ་བཙོན་ཁང་ནས་ཁ་པར་སླེབས་ཏེ་སང་ཞོགས་ཐུག་འཕྲད་ཀྱི་དུས་ཚོད་བཟོས་ཡོད་པ་དང་། དུས་ཡུན་ནི་སྐར་མ་བཅུ་ཡིན་པ་བརྗོད་བྱུང་ཅེས་དང་། མཐར་ཁྲིམས་རྩོད་པ་རྡོ་རྗེ་བཀྲ་ཤིས་དང་ཐུག་འཕྲད་བྱུང་ན་ཡང་ཞིབ་ཕྲའི་གནས་ཚུལ་བཀོད་མི་འདུག་ལ། རྡོ་རྗེ་བཀྲ་ཤིས་ཀྱིས་ད་ལྟ་བར་ཁྲིམས་ཁང་གིས་ཁོང་ལ་ཉེས་བཙུགས་བྱས་བ་དེར་མཐའ་གཅིག་ཏུ་ཁས་ལེན་བྱེད་ཀྱི་མེད་པ་རེད་འདུག
ཡང་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མཁན་གྱི་དྲ་ཚིགས་ཤིག་ཡོད་པ་དེའི་ཐོག ཟླ་༢་ཚེས་༢༦་ཉིན་རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་གཞི་དང་འབྲེལ་པའི་གནས་ཚུལ་ཞིག་སྤེལ་ཡོད་པ་དེའི་ནང་བཀོད་པར། བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་ཁང་ནས་ལྷ་སར་གྲགས་ཆེ་བའི་ཚོང་པ་དང་དམངས་གཉེར་ཁེ་ལས་པ། བོད་ཀྱི་མ་ཕམ་གཡུ་མཚོའི་ཁེ་ལས་ཚོང་གཉེར་ལས་ཁང་གསར་བཙུགས་བྱེད་མཁན་རྡོ་རྗེ་བཀྲ་ཤིས་ཀྱིས་བུ་ལོན་ཁ་བསླུས་བརྒྱབ་པའི་ཉེས་བཙུགས་འོག་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ཅིང་། གྱོད་གཞི་དེར་དོགས་གཞི་ཡོད་པ་དང་། གྱོད་དོན་དང་འབྲེལ་བ་ཆགས་པའི་དངུལ་འབོར་ནི་རྒྱ་ནག་གི་མི་དམངས་ཤོག་སྒོར་ཁྲི་༡༥༠་ལས་ཟིན་གྱི་མེད། ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ན། ཚེ་བཙོན་གྱི་ཁྲིམས་ཐག་གཅོད་དགོས་བའི་གནས་སུ་སླེབས་མེད་པ་རེད་ཅེས་བརྗོད་ཡོད་འདུག་ལ། སྤྱི་ལོ་༢༠༡༨་ལོར་པེ་ཅིང་གི་ཁྲིམས་ལུགས་མཁས་པའི་བརྟག་དཔྱད་ཁུངས་སྐྱེལ་བྱས་པའི་མཐའ་བསྡོམས་ནང་རྡོ་རྗེ་བཀྲ་ཤིས་ཀྱིས་མ་དངུལ་གཞན་བཀོལ་བྱས་པའི་ཉེས་པ་ལས་བུ་ལོན་ཁ་བསླུས་བརྒྱབ་པའི་ནག་ཉེས་ཡོད་པ་གཏན་འཁེལ་བྱེད་ཐུབ་ཐབས་མེད་པ་ཞིག་རེད། དེར་བརྟེན་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་གི་ཉེས་པར་འགྱུར་བ་གཏོང་དགོས་པ་བརྗོད་འདུག
གཞན་ཡང་རྡོ་རྗེ་བཀྲ་ཤིས་ཀྱིས་བཙོན་ཁང་ནང་ཁོང་ལ་ཉེས་འཛུགས་བྱས་བར་མཐའ་གཅིག་ཏུ་ཁས་ལེན་མེད་པ་མ་ཟད། མ་ཉེས་ཁག་གཡོགས་བྱས་བ་གསལ་བོ་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད་འདུག་ལ། ཡང་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་གྱིས་ཐེངས་མང་གཅུང་པོའི་ཆེད་ཞུ་གཏུག་བྱས་པའི་དབང་གིས་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ཚན་པར་ལྷ་ས་ནས་ཕྱིར་ཕུད་བཏང་ཡོད་པ་གནས་ཚུལ་ནང་བཀོད་ཡོད་པ་དང་། ད་ལྟའི་ཆར་རྡོ་རྗེ་བཀྲ་ཤིས་ཀྱི་སྤུན་མཆེད་ནས་དཀའ་ཚེགས་ཆེན་པོའི་ངང་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པའི་ཐོག་པེ་ཅིང་གི་ཛའེ་སྦོའོ་ཁྲིམས་རྩོད་ཁང་གི་ཁྲིམས་རྩོད་པ་ཝང་ཧྥེའེ་དག་འབུད་ཁྲིམས་རྩོད་པར་གདན་ཞུས་བྱས་ཤིང་། ཁྲིམས་རྩོད་པ་ཝང་ཧྥེའེ་ལྷ་སར་སྐྱོད་དེ་ཐེངས་མང་རེ་བ་བཏོན་པ་བརྒྱུད་གཞི་ནས་བཙོན་ཁང་དུ་རྡོ་རྗེ་བཀྲ་ཤིས་ཐུག་འཕྲད་ཀྱི་གོ་སྐབས་བྱུང་ཡོད་པ་གནས་ཚུལ་ནང་བཀོད་འདུག
རྡོ་རྗེ་བཀྲ་ཤིས་ནི་མདོ་ལྷོ་འམ་མདོ་སྨད་ཀན་ལྷོ་བསང་ཆུ་ཕྱོགས་ནས་ཡིན་པ་དང་། དེ་སྔ་ལྷ་སར་གཡག་མགྲོན་ཁང་གི་སྤྱིན་བདག་བྱས་ནས་རིམ་པས་ཁེ་ལས་ཚོང་གཉེར་ཁང་བཙུགས་ཡོད་པ་རེད།