སྲིད་འཛིན་གྱི་ལས་ཡུན་གཉིས་པ་བསྐྱང་རྒྱུར་རྒྱབ་སྐྱོར་གནང་རོཌ།

མང་གཙོ་ཚོགས་པའི་རྒྱལ་ཡོངས་ལྷན་ཚོགས་ཐོག ཨ་རིའི་སྲིད་འཛིན་ལས་ཐོག་ཨོ་བ་མ་མཆོག་གིས་ཁོང་ལ་མུ་མཐུད་སྲིད་འཛིན་གྱི་ལས་ཡུན་གཉིས་པ་ཞིག་བསྐྱང་རྒྱུར་རྒྱབ་སྐྱོར་ཡོང་བའི་གསུང་བཤད་གནང་འདུག

2012.09.07

༄༅།   །མང་གཙོ་ཚོགས་པའི་National Convention ཞེས་རྒྱལ་ཡོངས་སྲིད་འཛིན་འོས་དམིགས་གཏན་འབེབས་ཀྱི་ལྷན་ཚོགས་དེ་ཨ་རིའི་བྱང་ཀེརོ་ལིནའི་མངའ་སྡེའི་ནང་ ཕྱི་ཚེས་༤ ནས་   ༦བར་གནང་ཡོད་པ་རེད།   ཁ་སང་ལྷན་ཚོགས་ཀྱི་ཉིན་ཐ་མའི་ཐོག་སྲིད་འཛིན་ཨོ་སྦ་མ་མཆོག་ནས་དངོས་སུ་ ད་བར་ལས་ཡུན་སྐྱོང་བའི་ནང་ལས་དོན་གྲུབ་འབྲས་ཇི་ཐོན་དང་ མུ་མཐུད་བསྐྱར་དུ་སྲིད་འཛིན་འོས་ཐོབ་བྱུང་བ་ཡིན་ན། གཞུང་དམངས་གི་སྲི་ཞུའི་ཞབས་འདེགས་ཞུ་རྒྱུའི་ལས་འཆར་ཁག་ གསལ་སྟོན་གནང་གི་ཡོད་པ་རེད།

ཉིན་གྲངས་གསུམ་གྱི་ལྷན་ཚོགས་དེའི་སྐབས་སྲིད་འཛིན་ཟུར་པ་Bill Clinton དང་ Jimmy Carter གཉིས་ཀྱིས་གཙོས་པའི་གནས་ཡོད་དཔོན་རིགས་མང་པོས་ སྲིད་འཛིན་ཨོ་སྦ་མ་ལ་མུ་མཐུད་ལས་ཡུན་གཉིས་པ་ཞིག་སྐྱོང་རྒྱུའི་གོ་སྐབས་གནང་དགོས་པ་དང་། སྲིད་འཛིན་ཨོ་སྦ་མའི་འཆར་བཀོད་ལས་འཆར་ཁག་གིས་མི་མང་བྱིངས་ལ་ ཁ་གཏད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་དམིགས་ མིཊ་རོམ་ནི་ཡི་འཆར་བཀོད་ལས་འཆར་ལས་ སྨིན་པ་དང་། ཕན་ཐོགས་ཆེ་བ་ཡོང་གི་རེད་ཅེས་སེམས་འགུལ་ཐེབས་པའི་གསུང་བཤད་གནང་ཡོད་པ་རེད།

སྲིད་འཛིན་ལས་ཐོག་ཨོ་སྦ་མ་དང་ཁ་གཏད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་དམིགས་མིཊ་རོམ་ནི་གཉིས་ལ་མང་ཚོགས་ཀྱིས་རྒྱབ་སྐྱོར་གནང་ཕྱོགས་ལ་བར་ཁྱད་ཆེན་པོ་མེད་པར་ འོས་དམིགས་གཉིས་ཀྱི་དབར་འོས་བསྡུའི་འགྲན་རྩོད་ཉིན་རེ་ནས་ཉིན་རེ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།

གཟའ་འཁོར་སྔོན་མ་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་ རྒྱལ་ཡོངས་ལྷན་ཚོགས་ཐོག་ སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོས་ མིཊ་རོམ་ནི་ Mitt Romney མཆོག་ལ་རྒྱབ་སྐྱོར་གྱིས་ ཚོགས་པའི་སྲིད་འཛིན་འོས་དམིགས་ཡིན་པའི་ཡོངས་གྲགས་ངོས་འཛིན་གྱི་གསལ་བསྒྲགས་གནང་ཡོད་པ་རེད།

སྲིད་དོན་ཚོགས་པ་གཉིས་ཀྱིས་ གཞུང་འབྲེལ་འོས་དམིགས་གསལ་བསྒྲགས་ཀྱི་རྒྱལ་ཡོངས་ལྷན་ཚོགས་ཀྱི་རྗེས་སུ་འོས་དམིགས་གཉིས་ཀྱི་དབར་ གཞུང་འབྲེལ་བགྲོ་གླེང་ཁག་ཅིག་གོ་སྒྲིག་ཡོང་གི་ཡོད་པ་དང་། དེ་རྗེས་མང་ཚོགས་ནས་ འདི་ལོའི་ལོ་མཇུག་ཕྱི་ཟླ་༡༡པའི་ཚེས་ ༦ཉིན་དངོས་སུ་འོས་འཕེན་གནང་སྟེ། འདེམས་བསྐོ་གནང་གི་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎