ལོ་རྒྱུས་ཡིག་ཆ་ཤོག་ལྷེ་ཆིག་ཁྲི་ལྷག་ལ་ལྟ་ཀློག་ཞིབ་བསྡུར་ཞུས་ཏེ་བརྩམས་པའི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ལོ་རྒྱུས་དཔེ་དེབ་དབུ་འབྱེད།

2025.02.21
ལོ་རྒྱུས་ཡིག་ཆ་ཤོག་ལྷེ་ཆིག་ཁྲི་ལྷག་ལ་ལྟ་ཀློག་ཞིབ་བསྡུར་ཞུས་ཏེ་བརྩམས་པའི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ལོ་རྒྱུས་དཔེ་དེབ་དབུ་འབྱེད། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་དབུ་འབྱེད་སྐབས། ༢༠༢༥།༠༢།༢༡ ཉིན།
Photo: RFA

འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ དང་། གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས་ཏེ་མི་ལོ་ཧྲིལ་པོ་ ༨༥ འཁོར་བ།  དེ་བཞིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་གཙང་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༧༥ འཁོར་བ་བཅས་ཀྱི་དུས་དྲན་གསུམ་འཛོམས་དང་བསྟུན། ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༡ རེས་གཟའ་པ་སངས་ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྩམས་གནང་བའི་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

དེ་ཡང་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྩམས་པའི་ཕྱག་དཔེ་དེའི་ནང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་། བོད་མིའི་བླ་སྤྲུལ་ངོ་འཛིན་ཐད་རྒྱ་ནག་གཞུང་གི་ཐེ་བྱུས་མི་ཆོག་ཀྱང་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པའི་རྩོམ་ཡིག་མང་དག་ཅིག་སྤེལ་བཞིན་པ་དེར་གདོན་ལེན་དང་། དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཚད་ལྡན་མང་དག་ཅིག་དང་ཐེ་ཝན་གཞུང་གི་ལོ་རྒྱུས་ཡིག་ཚགས་སོགས་ཡིག་ཆ་ཤོག་གྲངས་ཆིག་ཁྲི་བཞི་སྟོང་བརྒལ་བར་ལྟ་ཀློག་ཞིབ་བསྡུར་གྱིས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཇི་ལྟར་ངོས་འཛིན་ཞུས་པའི་བརྒྱུད་རིམ་གསལ་བའི་ཁུངས་ལྡན་ལོ་རྒྱུས་ཡིག་ཆ་ཞིག་ཏུ་གྲུབ་འདུག་ཅིང་། དཔེ་དེབ་དེ་ཉིད་ལོ་རྒྱུས་བྲིས་པ་ལྟ་བུ་མ་ཡིན་པར་ཞིབ་འཇུག་བྱེད་མཁན་དང་། ལྷག་པར་དུ་མ་འོངས་པར་གལ་སྲིད་རྒྱ་གཞུང་གི་དཔོན་རིགས་རྣམས་དང་ལྷན་གྲོས་མོལ་བྱ་རྒྱུའི་དུས་སྐབས་བྱུང་བའི་སྐབས་དེར་རྒྱ་གཞུང་རང་གིས་དེ་སྔ་ནས་བོད་ཀྱི་གནད་དོན་དང་། ཁྱད་པར་དུ་སྐུའི་ཡང་སྲིད་ཐད་ཐེ་བྱུས་དང་ལོག་འགྲེལ་བྱེད་པ་རྣམས་ལ་རང་ཉིད་ནས་རྒྱ་ནག་རང་གི་ཡིག་ཚགས་དང་། དེ་བཞིན་ཞིབ་འཇུག་གྲུབ་དོན་རྣམས་ལུངས་དྲངས་ཏེ་རྒྱ་གཞུང་ལ་ལན་འདེབས་བྱ་རྒྱུ་ནི་ཤིན་ཏུ་གལ་གནད་ཆེན་པོ་ཡིན་པ་དཔེ་དེབ་རྩོམ་པ་པོ་བསོད་ནམས་རྡོ་རྗེ་ལགས་ནས་འདི་ག་ཨེ་ཤེ་ཡ་རླུང་འཕྲིན་ཁང་ལ་གསུངས་བྱུང་།

HHDL-book-launched-by-Sodhor-LTWA-21Feb2024-P2.jpg
༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པའི་དཔེ་དེབ་དབུ་འབྱེད་སྐབས། ༢༠༢༥།༠༢།༢༡ ཉིན།

གཞན་ཡང་རྩོམ་པ་པོ་བསོད་རྡོར་ལགས་ནས་སང་ཕྱི་ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༥ འཁོར་གྱི་ཡོད་པ་དང་། དེ་རིང་མགོན་པོ་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ་ནི་རྟེན་འབྲེལ་བཟང་པོ་བྱུས་ཞེས་ངོ་སྤྲོད་གནང་གི་འདུག

གཞན་ཡང་དཔེ་དེབ་དབུ་འབྱེད་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ད་ལྟའི་དུས་དེར་བོད་མི་རྣམས་ནས་ཆབ་སྲིད་གནད་དོན་ཙམ་མ་ཡིན་པར་ཆོས་སྲིད་གནད་དོན་ཤེས་པའི་ཐོག་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པའི་ནན་བརྗོད་གནང་བ་དང་སྦྲགས། དཔེ་མཛོད་ཁང་བརྒྱུད་དཔེ་དེབ་དཔར་སྐྲུན་ཞུ་མཁན་གྲངས་མང་དུ་འགྲོ་བཞིན་ཡོད་པ་ནི་དགའ་འོས་པ་ཞིག་ཡིན་པ་དང་། དཔེ་དེབ་རྩོམ་མཁན་རྣམས་ལ་སྤྱི་ཚོགས་ཁྲོད་ཆེ་མཐོང་ཕུལ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་།

བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་དཔེ་དེབ་དབུ་འབྱེད་ཐོག་སྒྲ་འཇུག་གསུང་འཕྲིན་ཞིག་གནང་བའི་ནང་། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ནས་བོད་ཀྱི་གནད་དོན་ཐད་རང་ཉིད་ཀྱིས་དངོས་སུ་ཉམས་ཞིབ་གནང་སྟེ་ཕྱགས་ལས་གནང་བར་བསྔགས་བརྗོད་དང་འབྲེལ། ཞིབ་འཇུག་གྲུབ་དོན་འདིས་དཔང་རྟགས་དང་བཅས་རྒྱ་ནག་གི་ལོག་འགྲེལ་གདོང་ལེན་བྱ་ཐུབ་པ་མ་ཟད། དེབ་དེ་རིགས་རྒྱལ་སྤྱིའི་སྟེང་གོ་རྟོགས་སྤེལ་བར་སྐད་ཡིག་གཞན་དུ་བསྒྱུར་ན་དགེ་མཚན་ཆེན་པོ་ཡོད་པ་གསུངས་སོང་། དེ་བཞིན་ཁོང་གིས་བོད་མི་རྣམས་བོད་དོན་ཞུ་གཏུག་བྱེད་སྐབས་ལོ་རྒྱུས་ཀྱི་དཔང་རྟགས་དང་ལྡན་པའི་ཐོག་ནས་འགྲེལ་བརྗོད་བྱ་ཐུབ་པ་དགོས་ཚུལ་གསུངས་སོང་།

གཞི་རྩའི་བསོད་ནམས་རྡོ་རྗེ་ལགས་ནས་དེ་སྔ་ཕྱི་ལོ་ ༡༩༩༩ ་ལོར་བོད་གཞུང་ཤེས་རིག་པར་ཁང་ནས་པར་སྐྲུན་བྱས་པ་ལེགས་བཤད་ལྗོན་དབང་རྩ་འགྲེལ་མཁས་པའི་ཞལ་ལུང་དང་། རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་ལྷན་དུ་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱིའི་བྱུང་རིམ་ལ་དཔྱད་པ་དང་། ཕྱི་ལོ་ ༢༠༢༢ ལོར་ཟླ་བ་ཚེ་རིང་དང་མཉམ་དུ་བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུ་འཁོར་བའི་ལོ་རྒྱུས་བརྙན་དེབ་ཕྱོགས་བསྒྲིགས་དང་། ཉི་འོང་གི་རྩོམ་པ་པོ་ (Tetsu saiwa) ཡིས་བརྩམས་གནང་མཛད་པའི་བརྙན་དེབ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་རྣམ་ཐར་བོད་ཡིག་ནས་རྒྱ་ཡིག་ཏུ་སྒྱུར་བ་སོགས། དེ་མིན་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་བཅུ་གྲངས་ཤིག་བརྩམས་གནང་ཡོད་པ་ཁོང་གི་ལོ་རྒྱུས་སུ་གསལ་འདུག །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།





མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎