ཐེའི་ལྦན་དང་རྒྱ་ནག་བར་མཁའ་ལམ་དང་མཚོ་ལམ་སྒོ་ཕྱེ་འཆར།
2008.11.07
༄༅༎རྒྱ་ནག་གཞུང་གི་ཐེའི་ལྦན་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ཁྲེན་ཡུས་ལིན་གྱིས་ཐེའི་ལྦན་ནང་འདས་པའི་ཉིན་གྲངས་ལྔའི་རིང་གཞུང་འབྲེལ་ལས་དོན་ཆེད་བསྐྱོད་གནང་བ་དང་དེའི་སྐབས་སུ་ཡུལ་གྲུ་གཉིས་ཀྱི་བར་ཚོང་འབྲེལ་ལས་དོན་སྟབས་བདེ་པོའི་ངང་ཉར་ཐུབ་པའི་ཆེད་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེའི་ལྦན་བར་ཐད་ཀར་མཁའ་ལམ་དང་མཚོ་ལམ་གྱི་འགྲིམ་འགྲུལ་སྒོ་མོ་ཕྱེ་རྒྱུའི་གྲོས་མཐུན་བྱུང་ཡོད་པ་མ་ཟད་ཡང་ཕྱོགས་གཉིས་བར་གྱི་འབྲེལ་ལམ་བཟང་དུ་གཏང་རྒྱུའི་གནད་དོན་སྐོར་གྲོས་མོལ་གནང་ཆེད་ཟླ་བ་དྲུག་རེའི་མཚམས་སུ་ཡུལ་གྲུ་གཉིས་ཀྱི་སྐུ་ཚབ་རྣམ་པའི་བར་མཇལ་འཛོམས་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་དེ་ནི་གྲུབ་འབྲས་ལྡན་པའི་རྒྱལ་ཁ་ཆེན་པོ་ཞིག་དང་གྲོས་མཐུན་དེ་དག་གི་རྒྱུད་ནས་ཐེའི་ལྦན་མཚོ་ཁ་ཕན་ཚུན་གཉིས་ཀའི་མང་ཚོགས་ཀྱི་བསམ་དོན་བསྒྲུབས་པ་ཞིག་བྱུང་ཡོད་པའི་སྐོར་ཐེའི་ལྦན་ནང་གཞུང་འབྲེལ་ལས་དོན་གྲུབ་ནས་རང་ཡུལ་དུ་ཕྱིར་ལོག་ཕེབས་མཁན་སྐུ་ཞབས་ཁྲེན་ཡུས་ལིན་གྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསུངས་འདུག
ཡིན་ན་ཡང་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བ་གཞིགས་ན་ཁོང་ཐེའི་ལྦན་ནང་བསྐྱོད་སྐབས་ཐེའི་ལྦན་རང་བཙན་གྱི་འདོད་ཕྱོགས་འཛིན་མཁན་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་པའི་རྐྱེན་གྱིས་སྐབས་ཤིག་ལ་ཁོང་མགྲོན་ཁང་ཞིག་ནས་ཕྱིར་ཐོན་མ་ཐུབ་པར་ཆུ་ཚོད་མང་པོ་ལྷག་ཡོད་པ་མ་ཟད་ཡང་ཐེའི་ལྦན་གྱི་སྲིད་འཛིན་དང་ཁོང་གི་མཇལ་འཕྲད་གསང་བའི་ཐོག་ནས་གནང་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག