ཨ་རིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ཐོག་བཞུགས་སྒར་མང་ཚོགས་ཀྱི་བསམ་ཚུལ་སྣ་ཚོགས་ཡོང་བཞིན་འདུག

2024.11.05
ཨ་རིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ཐོག་བཞུགས་སྒར་མང་ཚོགས་ཀྱི་བསམ་ཚུལ་སྣ་ཚོགས་ཡོང་བཞིན་འདུག
ཨེ་པི།

ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་གཟིགས་རྒྱུར་འདིར་མནན།

ཨ་རིའི་ཕྱི་ལོ་ ༢༠༢༤ ལོའི་སྲིད་འཛིན་འོས་བསྡུ་ཆེན་མོ་དེ་རིང་ཚེས་༥ ཉིན་འགྲོ་བཞིན་པ་བསྟུན། རྒྱ་གར་ནང་དུའང་སྲིད་འཛིན་འོས་བསྡུ་དེའི་ཐད་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག་ཀྱང་། བོད་པའི་སྤྱི་ཚོགས་ཁྲོད་སྲིད་འཛིན་འོས་མི་གཉིས་ལས་སུ་ལ་རྒྱལ་ཁ་ཐོབ་རུང་། སྲིད་དོན་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་བོད་དོན་ཐད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་བ་གནང་གི་འདུག

འདི་ག་རླུང་འཕྲིན་ཁང་ནས་རྒྱ་གར་དུ་གནས་སྡོད་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བཞུགས་སྒར་དུ་གནས་སྡོད་བོད་པ་དང་རྒྱ་གར་བ་ཁག་ཅིག་ལ་ཨ་རིའི་སྲིད་འཛིན་གྱི་འོས་སྡུ་དེ་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ནས་ཨ་རི་རྒྱལ་ཁབ་དེ་ནི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཞིག་ཡིན་པས་རྒྱལ་ཁབ་དེ་ནི་བོད་པ་ཚོར་ཧ་ཅང་གི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པས། ཁོང་ནས་ཐེངས་འདིའི་ཨ་རིའི་སྲིད་འཛིན་འོས་མིའི་ཁྲོད་ཨ་རིའི་སྲིད་འཛིན་གཞོན་པ་Kamala Harris ལགས་སུ་རྒྱལ་ཁ་ཐོབ་པའི་རེ་བ་གནང་གི་ཡོད་པ་གསུངས་བྱུང་། 

ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་ཨ་རི་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་དཔལ་འབྱོར་དང་ཆབ་སྲིད་གཉིས་ཀྱི་ཐད་ཤུགས་རྐྱེན་ཆེན་པོ་ཡོད་པ་མི་ཚང་མས་མཁྱེན་གྱི་ཡོད་པ་ལྟར་ཐེངས་འདིའི་ཨ་རིའི་སྲིད་འཛིན་གྱི་འོས་སྡུའི་ཁྲོད་སུ་ཞིག་ལ་རྒྱལ་ཁ་ཐོབ་རུང་བོད་དོན་ཐད་སྔར་ལས་ལྷག་པ་མེད་རུང་། དེ་སྔ་བཞིན་རྒྱབ་སྐྱོར་མུ་མཐུད་ནས་གནང་བའི་རེ་བ་བྱེད་ཀྱི་ཡོད་པ་གསུངས་བྱུང་།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བསྟན་འཛིན་འཕགས་སྒྲོན་ལགས་ནས་ཐེངས་འདིའི་ཨ་རིའི་སྲིད་འཛིན་གྱི་འོས་སྡུའི་ཁྲོད་སྲིད་འཛིན་འོས་མི་གཉིས་ལས་སུ་ཞིག་ལ་རྒྱལ་ཁ་ཐོབ་ནའང་མ་འོངས་མུ་མཐུད་བོད་དོན་ཐད་རྒྱབ་སྐྱོར་དང་ལྷག་པར་དུ་བོད་དེ་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་གནད་དོན་ཐད་ལ་རྒྱབ་སྐྱོར་གནང་མཁན་ཞིག་བྱུང་ཐུབ་པའི་རེ་བ་ཆེན་པོ་གནང་གི་ཡོད་པ་གསུངས་ཀྱི་འདུག

ཡང་རྒྱ་གར་Gujuratནས་ཡིན་པའི་Tania ལགས་ཀྱིས། སྲིད་འཛིན་རྒྱལ་ཁ་ཐོབ་མ་ཐོབ་ཀྱི་ཐད་ལ་དམིགས་གསལ་ཞུ་ཐུབ་པ་མེད་པས། སྲིད་འཛིན་འོས་མི་གཉིས་ནས་རང་རང་སོ་སོའི་ལས་འཆར་ཞིག་སྤེལ་བའི་ཐོག་ནས་འོས་མིར་སླེབས་ཡོད་པས་དེ་ཡང་སོ་སོའི་རྒྱལ་ཁབ་ཀྱི་ཕན་བདེའི་སླད་དུ་ཡིན་པས་། ང་ཚོ་རྒྱ་གར་བ་རྣམས་ལ་དེའི་ཐད་ཚོད་དཔག་ཐུབ་རྒྱུ་ཤིན་ཏུ་ནས་ཁག་པོ་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་ངའི་བསམས་ཚུལ་ལ་ Kamala Harris ལགས་འོས་བསྡུ་དེའི་ཐད་ལ་འཚམས་པ་ཞིག་མཐོང་གི་འདུག གང་ཡིན་ཟེར་ན་ཁོང་ནས་ལོ་མང་པོའི་རིང་སྲིད་འཛིན་Biden དང་ལྷན་དུ་ཕྱག་ལས་གནང་ཡོད་པ་དང་དེ་བཞིན་ཁོང་ནི་ད་ལྟའི་ཆར་ཨ་རིའི་སྲིད་འཛིན་གཞོན་པ་ཞིག་ཀྱང་ཡིན་པས་ད་ལྟའི་སྲིད་འཛིན་གྱི་ཕྱག་ལས་ཐད་གོ་རྟོགས་གཏིང་ཟབ་ཡོད་མཁན་ཞིག་ཡིན་དུས། འོས་མི་གཉིས་པོ་ལས་ Harris ལགས་ལ་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཆེ་བ་མཐོང་གི་འདུག 

དེ་བཞིན་རྒྱ་གར་Sudhakar Aluvalia ལགས་ནས། ང་ནི་སྲིད་འཛིན་ཟུར་པ་Trump ལགས་ལ་རྒྱབ་སྐྱོར་ཆེན་པོ་ཞུས་ཀྱི་ཡོད་པ་དང་། Kamala Harris ལ་རྒྱབ་སྐྱོར་རྩ་བ་ནས་མེད། ཅེས་གསུངས་ཀྱི་འདུག

ཡང་བཞུགས་སྒར་རྡ་སའི་མཉམ་ལས་འགན་འཛིན་བསྟན་འཛིན་རིག་བཟང་ལགས་ནས་གསུངས་ན། སྤྱིར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གཟིགས་པའི་ཁྲོད་Donald Trumpལགས་ནས་གསུང་དོན་ལ་གལ་སྲིད་ཁོང་ཐེངས་འདིའི་སྲིད་འཛིན་གྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པ་ཡིན་ན་ཁོང་ནས་ཨ་རི་ནང་དུ་ཡིག་ཆ་མེད་ནས་གནས་སྡོད་གནང་མཁན་གྱི་མི་རྣམས་ཕྱིར་ཕུད་བྱེད་ཀྱི་ཡོན་པའི་སྐོར་སོགས་གསུང་གི་ཡོད་དུས་དེ་ལྟར་བྱེད་ན་ཨ་རིར་གནས་སྡོད་བོད་པ་ཡིག་ཆ་མེད་པ་དེ་འདྲ་ཡོད་ཚེ། ང་ཚོ་བོད་པ་རྣམས་ལ་གཟིགས་པ་ཡིན་ན་ཁོང་གི་ངོས་ནས་Kamala Harris ལགས་ཀྱི་བསམ་བློ་གཏོང་ཕྱོགས་དེ་ནི་གུ་ཡངས་པོ་ཞིག་ཡོད་པས། ཁོང་ནས་བོད་པའི་འཐབ་རྩོད་དེ་བཞིན་བོད་དོན་ཐད་ལ་རྒྱབ་སྐྱོར་ཆེ་བ་ཞིག་ཡོད་པ་གཟིགས་ཀྱི་ཡོད་པས། ཁོང་ལ་རྒྱལ་ཁ་ཐོབ་ན་སྙམ་པའི་རེ་བ་ཡོད།  ཡིན་ནའང་གསར་འགྱུར་བརྒྱུད་ལམ་ཁག་ལ་ལས་འགུལ་སྤེལ་ཕྱོགས་ཐད་གཟིགས་པ་ཡིན་ན་Trump ལ་རྒྱལ་ཁ་ཐོབ་ཀྱི་རེད་བསམ་པའི་ཚོར་བ་ཆེན་པོ་ཞིག་ཡང་བྱུང་གི་འདུག་པ་གསུངས་ཀྱི་འདུག

ཨེམ་རྗེ་ཐོགས་མེད་ལགས་ནས། ཨ་རི་རྒྱལ་ཁབ་དེ་བཞིན་བོད་རྩ་དོན་ཐད་ལ་བསམ་ངན་བཅངས་མཁན་ཞིག་མིན་པས། འོས་མི་གཉིས་པོ་ལས་སུ་ལ་རྒྱལ་ཁ་ཐོབ་ནའང་ཁྱད་མེད་པ་གསུངས་བྱུང་།

ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཟུར་པ་རིན་ཆེན་ལགས་ནས་གསུང་ན། ཨ་རི་རྒྱལ་ཁབ་དེ་བཞིན་བོད་ཀྱི་འཐབ་རྩོད་ཐད་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ཡང་། རང་ཉིད་ཀྱི་གྲོགས་པོའི་ཁྲོད། སྲིད་འཛིན་འོས་མི་གཉིས་པོར་ལྟ་ཚུལ་མི་འདྲ་བ་ཡོང་གི་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎