རྒྱ་གར་ནང་མངའ་སྡེ་ལོགས་སུ་དགོས་པའི་དགོས་འདུན།
རྒྱ་གར་ནང་མངའ་སྡེ་ལོགས་སུ་དགོས་འདུན་བཏོན་མཁན་ཇེ་མང་དུ་འགྲོ་བཞིན་པའི་དཀའ་ངལ་འཕར་མ་ཞིག་ཆགས་ཀྱི་ཡོད་འདུག
-
2009-12-17 -
-
-
༄༅།།རྒྱ་གར་ནང་མངའ་སྡེ་ལོགས་སུ་དགོས་འདུན་བཏོན་མཁན་ཇེ་མང་དུ་འགྲོ་བཞིན་པའི་དཀའ་ངལ་འཕར་མ་ཞིག་ཆགས་ཀྱི་ཡོད་འདུག
འཛམ་གླིང་ནང་ནས་མི་འབོར་ཆེ་ཤོས་གཉིས་པ་ཡིན་པའི་རྒྱ་གར་གྱི་རྒྱལ་ཁབ་འདིའི་ནང་ད་ལྟའི་ཆར་མངའ་སྡེ་ཉི་ཤུ་རྩ་བརྒྱད་ལས་མེད་པ་རེད། ཡིན་ནའང་ཉེ་ཆར་དབུས་གཞུང་ནས་ལྷོ་ཕྱོགས་ཨན་རྡར་མངའ་སྡེའི་ནང་ཏེ་ལན་གཱ་ན་ཞེས་པའི་མངའ་སྡེ་ལོགས་སུ་བཟོ་རྒྱུར་ཆོག་མཆན་གནང་བ་ནས་བཟུང་མུ་མཐུད་ནས་བྱང་ཤར་ཁུལ་གོར་ཁ་ལེནདྲ་ཞེས་བལ་པོའི་མི་རིགས་ཡིན་པ་གང་ཞིག་ལ་རྡོ་རྗེ་གླིང་དང་ཀ་སྦུག་ཁུལ་གནས་སྡོད་གོར་ཁའི་མི་རྒྱུད་དེ་དག་ནས་ཁོང་ཚོར་ནུབ་སྦང་ག་ལིའི་མངའ་སྡེ་ནས་ལོགས་སུ་མངའ་སྡེ་བཟོ་དགོས་པའི་དགོས་འདུན་བཏོན་ནས་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་འགྲོ་གི་ཡོད་པར་བརྟེན་ཁོང་ཚོར་ཡང་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་ལུགས་བཤད་ནས་འདས་པའི་རེས་གཟའ་པ་སངས་ནས་བཟུང་མི་ཁག་ཅིག་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བྱང་ཕྱོགས་ཨུ་རྡར་པཱར་རྡེ་ཤེ་ཞེས་རྒྱ་གར་གྱི་མངའ་སྡེའི་ནང་ནས་ཆེ་ཤོས་དེའི་སྤྱི་ཁྱབ་བློན་ཆེན་མ་ཡ་ལྦ་ཏིས་ཀྱང་སྲིད་བློན་མཆོག་ལ་ཞུ་སྙན་ཕུལ་ནས་
ཁོང་གི་མངའ་སྡེའི་ཁོངས་སུ་ས་ཁུལ་ཁག་བཞི་ཙམ་ལ་མངའ་སྡེ་ལོགས་སུ་བཟོ་དགོས་ལུགས་ཞུས་ཡོད་པ་བཅས་གང་ལྟར་འདས་པའི་ཉིན་མ་འགའ་ཤས་ནས་བཟུང་རྒྱ་གར་ནང་མངའ་སྡེ་ལོགས་སུ་དགོས་ལུགས་བཤད་མཁན་ཇེ་མང་དུ་ཕྱིན་ཡོད་པ་རེད། སྲིད་དོན་དབྱེ་ཞིབ་པ་སྐུ་ཞབས་རང་ག་ར་ཅན་གྱིས། ད་ལྟའི་ཆར་རྒྱ་གར་ནང་མི་འབོར་ལ་གཞིགས་པས་མངའ་སྡེ་ཧ་ཅང་ཉུང་དྲག་ཡོད་པ་ཞིག་དང་དེས་རྐྱེན་པས་མངའ་སྡེའི་ས་གནས་སྲིད་གཞུང་ནས་མི་མང་གི་བདེ་སྡུག་ལ་ལྟ་རྟོགས་བྱེད་རྒྱུར་ཁག་པོ་ཆགས་ཀྱི་ཡོད་དུས་རྒྱ་གར་གཞུང་གི་ངོས་ནས་དགོངས་པ་བསྐྱར་དུ་བཞེས་ནས་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པའི་དུས་ལ་བབས་ཡོད་རེད་ཅེས་གསུངས་འདུག། འོན་ཀྱང་སྲིད་དོན་མི་སྣ་ཚོས་དེ་དག་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་ལ་ལྟས་ནས་མངའ་སྡེ་ལོགས་སུ་དགོས་འདུན་བཏོན་གྱི་ཡོད་པའི་བསམ་ཚུལ་ཡང་ཡོང་གི་ཡོད་པ་བཅས་གང་ལྟར་མངའ་སྡེ་མང་པོ་བཟོ་རྒྱུ་དེས་རང་བཞིན་གྱི་རྒྱ་གར་གྱི་ས་ཁྲའི་བཟོ་བཀོད་ཐོག་ལའང་འགྱུར་བ་འགྲོ་རྒྱུ་ཡིན་པ་རེད།