བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་བའི་ཉིན་མོ་སྲུང་བརྩི།
ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་བའི་ཉིན་མོ་སྲུང་བརྩི་གནང་བ།
-
2015-10-12 -
-
-
ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་བའི་ཉིན་མོ་སྲུང་བརྩི་གནང་བ།
དེ་ཡང་ཁ་ས་ཕྱི་ཟླ་༡༠ཚེས་༡༡ཉིན་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་བསྒྲིགས་གནང་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་༤༦འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་གནང་སོང་བ་དང་། སྐབས་དེར་ཤིང་བཟའ་རིན་པོ་ཆེ་མཆོག་དང་། སྒྱུ་རྩལ་བ་རྣམ་གླིང་བློ་བརྟན་ལགས་རྣམ་གཉིས་ནས་བོད་དོན་དང་འབྲེལ་བའི་བཀའ་སློབ་དང་། གླུ་གཞས་གཟིགས་འབུལ་ཞུས་གནང་སོང་།
སྐབས་དེར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བའི་ནང་། ཆབ་སྲིད་དང་འཐབ་རྩོད་གཉིས་ཀྱི་ངོ་བོ་ཐ་དད་ཡིན་སྐོར་ངོ་སྤྲོད་དང་འབྲེལ་འཐབ་རྩོད་ཅེས་བརྗོད་སྐབས་ཆབ་སྲིད་ཀྱི་གནད་དོན་ཙམ་མ་ཡིན་པར་ཁོར་ཡུག་དང་ཆོས་དད་སོགས་ཀྱི་རང་དབང་ཆེད་རྩོད་པར་ཡང་གོ་ཡི་ཡོད་སྟབས་བོད་ནང་གི་ལས་འགུལ་ཡོངས་རྫོགས་ཆབ་སྲིད་ཀྱི་ལས་འགུལ་མིན་སྐོར་གསུངས་གནང་སོང་།
ཡང་ཁོང་གིས་མུ་མཐུད་གསུངས་ཡས་ལ། བོད་མི་ཁག་ཅིག་གིས་ཤེས་བྱ་ཡོན་ཏན་ཏོག་ཙམ་ཤེས་པར་སྣང་བ་དག་ནས་ཧ་ལམ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པར་དཔྱད་པ་བྱེད་ཀྱི་ཡོད་པ་དེ་ཐ་ཤལ་གྱི་བྱེད་སྟངས་ཤིག་ཡིན་སྐོར་གསུངས་པ་དང་འབྲེལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་བསམ་ཤེས་དགོས་སྐོར་གསུངས་གནང་སོང་།
ད་དུང་མཛད་སྒོ་དེའི་ཐོག་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་འབྲུག་འཇམ་ལགས་ནས་གསུངས་བཤད་གནང་སོང་བ་མ་ཟད། སྒྱུ་རྩལ་བ་རྣམ་གླིང་བློ་བརྟན་ལགས་ཕེབས་ནས་བོད་ཀྱི་གནའ་བོའི་གླུ་གཞས་ཁག་ཅིག་གཟིགས་འབུལ་ཞུས་པར་མང་ཚོགས་ནས་དགའ་ཚོར་ཆེན་པོ་གནང་སོང་། ཁ་ས་རྒྱལ་སའི་ཁུལ་གྱི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་བསྒྲིགས་གནང་བའི་མཛད་སྒོའི་ཐོག་ས་གནས་མི་མང་ལྔ་བཅུ་ལྷག་མཉམ་ཞུགས་གནང་འདུག་ལ་རྒྱལ་སའི་ཁུལ་གྱི་བུད་མེད་ཁག་ཅིག་གིས་དེར་འདུས་བོད་མི་ཚོར་ཞབས་གཞས་ཡང་གཟིགས་འབུལ་ཞུས་གནང་བ་སོགས་ཁ་སའི་མཛད་སྒོ་དེ་ཟབ་རྒྱས་ངང་མཇུག་བསྒྲིལ་གནང་སོང་།
དེ་བཞིན་བཞུགས་སྒར་རྡ་རམ་སཱ་ལ་གཙོས་འཛམ་གླིང་གི་ཡུལ་གྲུ་གང་སར་ཡང་དུས་ཆེན་དེ་སྲུང་བརྩི་ཞུས་གནང་འདུག
གསར་འགོད་པ་པ་སངས་དོན་ལྡན།