མོན་རྟ་དབང་གི་རླུང་ལ་ས་གནས་སུ་རྒྱལ་བའི་ཕོ་བྲང་དང་འགྲེམས་སྟོན་ཁང་ཞིག་གསར་བཞེངས་གནང་བར་༧གོང་ས་མཆོག་གིས་ཐུགས་སྨོན་དབུ་འབྱེད་མཛད་འདུག

2022.04.29
མོན་རྟ་དབང་གི་རླུང་ལ་ས་གནས་སུ་རྒྱལ་བའི་ཕོ་བྲང་དང་འགྲེམས་སྟོན་ཁང་ཞིག་གསར་བཞེངས་གནང་བར་༧གོང་ས་མཆོག་གིས་ཐུགས་སྨོན་དབུ་འབྱེད་མཛད་འདུག
བསྟན་འཛིན་འབྱོར་ལྡན།
ཟླ་བ་ ༤ ཚེས་ ༢༩ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་རྟ་དབང་གི་རླུང་ལ་ས་གནས་སུ་སྐུ་མདུན་གྱི་ཕོ་བྲང་དང་འགྲེམས་སྟོན་ཁང་ཞིག་གསར་སྐྲུན་ལེགས་གྲུབ་ཟིན་པ་དབུ་འབྱེད་བཀའ་དྲིན་ཆེ་གནང་མཛད་འདུག་ཅིང་། སྐབས་དེར་མོན་ཡུལ་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་དར་སྤེལ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས་སྐབས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་ཏུ་༸ཞབས་སོར་འཁོད་པའི་ས་གནས་དག་ལ་མཆོད་རྟེན་དང་། དེ་བཞིན་དགོན་པ་ལ་སོགས་པའི་དྲན་རྟེན་གྱི་ལས་གཞི་མང་དག་ཅིག་གསར་རྒྱག་གནང་བཞིན་ཡོད་སྟབས། ད་ལན་མོན་རྟ་དབང་གི་རླུང་ལ་ས་གནས་སུ་༸རྒྱལ་བའི་དྲན་རྟེན་ཆེད་ཕོ་བྲང་དང་འགྲེམས་སྟོན་ཁང་ཞིག་གསར་རྒྱག་གནང་བ་དེ་བཞིན་༸གོང་ས་མཆོག་ལ་དབུ་འབྱེད་ཀྱི་སྐྱབས་འཇུག་ཞུས་དོན་ལྟར། མགོན་པོ་གང་ཉིད་ནས་ཐུགས་སྨོན་མཚམས་སྦྱོར་དང་སྦྲགས་དབུ་འབྱེད་སྩལ་གནང་ཡོད་སྐོར་གསུངས་སོང་། 
གོང་ཞུས་ཕོ་བྲང་དང་འགྲེམས་སྟོན་ཁང་གི་ལས་གཞི་དེ་ནི་ས་གནས་མི་མང་གིས་ཤུགས་ཆེའི་རྒྱབ་སྐྱོར་དང་། དེ་བཞིན་ས་གནས་སྤྱི་འཐུས་སོགས་ཀྱི་མཐུན་འགྱུར་གནང་བ་དེ་དག་གཙོ་བོ་ནི་མོན་ཡུལ་མི་མང་གི་རྩ་བའི་བླ་མ་ནི་༸གོང་ས་མཆོག་ཡིན་པ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། 
གཞན་ཡང་ད་རེས་རླུང་ལ་ས་གནས་སུ་༸གོང་ས་མཆོག་གི་འགྲེམས་སྟོན་ཁང་ཞིག་གསར་རྒྱག་ཞུས་པའི་རྒྱུ་མཚན་གཙོ་བོ་ནི། མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་རྣམས་མི་མང་ལ་གོ་རྟོགས་ཡོང་ཆེད་དུ་ཡིན་པ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་གསུངས་བྱུང་། 
སྤྱིར་བོད་དང་མོན་ཡུལ་གྱི་འབྲེལ་བ་དེ་གཙོ་བོ་༸གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་དུས་ནས་བྱུང་ཡོད་པ་དང་། རྗེས་སུ་༸གོང་ས་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་མོན་ཡུལ་དུ་སྐུ་འཁྲུངས་པ་ནས་བཟུང་ཆོས་ཕྱོགས་ནས་འབྲེལ་ལམ་དམ་ཟབ་ཚུགས་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
དྲ་ཐོག་རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎