རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་སྤྱི་ཟླ་ ༡ ཚེས་ ༡༧ ནས་ ༡༨ ཉི་མ་གཉིས་རིང་། རྒྱ་གར་དང་སོག་པོ། ཨུ་རུ་སུ་དང་ལྷོ་ཀོ་རི་ཡ། མ་ལེ་ཤེ་ཡ་དང་ཐེ་ལཎ་ཌི། འབྲུག་དང་བལ་པོ། འབར་མ་དང་བྷང་ག་ལ། སིང་ག་ལ་སོགས་ཀྱི་ནང་པའི་མཁས་དབང་དང་ཉམས་ལེན་པ། མཁན་བླ་སྤྲུལ་སོགས་ཚུད་པའི་རྒྱལ་ཁབ་མང་པོའི་སྐུ་ཚབ་འཛོམས་ཏེ། ནང་པའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གནང་ཐབས་གོ་བསྡུར་གྱིས། ཨེ་ཤེ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༢ བསྐོང་འཚོགས་གནང་བའི་སྟེང་། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་འཛམ་གླིང་ནང་པ་ཡོངས་ཀྱི་དབུ་ཁྲིད་ལ་ངོས་འཛིན་གྱི་སྤྱི་མོས་གྲོས་ཆོད་བཞག་ཡོད་པའི་སྐོར། ཨེ་ཤེ་ཡ་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ། ཤག་པོ་བསོད་ནམས་དབང་ཕྱུག་གིས་འགྲེལ་བརྗོད་གནང་དོན་དུ།
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་སྤྱི་ཚོགས་འཆམ་མཐུན། ལྷག་པར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གཅིག་གྱུར་ནང་ཕན་ཚུན་འཆམ་མཐུན་ཡོང་བ་བཅས་ཀྱི་ཐད། སྐུ་ཚེ་ཧྲིལ་བོར་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པ་དང་ཞབས་འདེགས་བསྒྲུབས་པར་ཆེ་མཐོང་མཚོན་པར། ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་ལམ་ནས་གྲོས་ཆོད་བཞག་སྟེ། ༸གོང་ས་མཆོག་འཛམ་གླིང་ནང་པ་ཡོངས་རྫོགས་ཀྱི་ཆེས་མཐོའི་དབུ་ཁྲིད་ལ་ངོས་འཛིན་གནང་བ་དང་། འབྱུང་འགྱུར་༸སྐུའི་ཡང་སྲིད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྔར་ལམ་བཞིན་ངོས་འཛིན་གནང་རྒྱུ་མ་གཏོགས། སུས་ཀྱང་ཆབ་སྲིད་ཀྱི་ཁེ་ཕན་ཆེད་ཐེ་ཇུས་བྱེད་རྩ་བ་ནས་མི་ཆོག་པ། གཞན་ཡང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་དེ་བཞིན་འཛམ་གླིང་གི་སྙིང་རྗེའི་ཉིན་མོ་ལ་ནང་པ་ཚོས་སྲུང་བརྩི་གནང་རྒྱུ་བཅས་འཁོད་ཡོད་པ་ངོ་སྤྲོད་གནང་གི་འདུག
ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ལ་ཚོགས་མི་རྒྱལ་ཁབ་བཅུ་དྲུག་གི་སྐུ་ཚབ་ཡོད་པའི་ཁོངས་སུ། འདི་ལོ་འབྲུག་རྒྱལ་ཁབ་ཀྱི་སྐུ་ཚབ་གསར་ཞུགས་གནང་ཡོད་པ་རེད།
དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ནས་ཀྱང་། ཨེ་ཤེ་ཡ་ནང་པའི་ལྷན་ཚོགས་ཀྱིས་སྔ་རབས་ནང་པའི་དབུ་ཁྲིད་མང་པོས་དགོངས་པ་ཆེ་བཞེས་ཀྱིས་བཙུགས་པའི་ཕྱག་ལས་ཚགས་ཚུད་རྒྱུན་སྐྱོང་དང་འབྲེལ། ནང་པ་ཡོངས་ཀྱི་དབུ་ཁྲིད་ལ་༸གོང་ས་མཆོག་སྤྱི་མོས་ཀྱི་ཐོག་ནས་ངོས་འཛིན་བྱས་པ་ནི། བོད་མི་དང་བོད་རྒྱུད་ནང་བའི་རྗེས་འཇུག་རྣམས་སྤོབས་པ་སྐྱེ་དགོས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་སྤྱི་ལོ་ ༢༠༢༢ ལོའི་ཟླ་ ༡༢ པའི་ཚེས་ ༢༠ ཉིན་ རྒྱ་གར་ཧི་མ་ལ་ཡ་ནཱ་ལེན་དྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་གཉིས་པའི་ཐོག་ཏུའང་། ༸གོང་ས་མཆོག་གི་མ་འོངས་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་ཇུས་བྱས་ཚེ། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཚོས་ནམ་ཡང་བརྩི་བཀུར་མི་ཞུ་བའི་གྲོས་ཆོད་བཞག་པ་མ་ཟད། ཁོང་ཚོའི་སྤྱི་མོས་གྲོས་ཆོད་དེར་༸སྐུའི་ཡང་སྲིད་ངོས་འཛིན་གྱི་སྐུ་དབང་ནི་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད་པ་ལས། གཞན་པའི་གཞུང་དང་དབང་འཛིན་པ་སུ་ལའང་མེད་ཅེས་འཁོད་ཡོད་ཅིང་། ཨེ་ཤེ་ཡ་ནང་པའི་ཞི་བདེ་ལྷན་ཚོགས་འདི་ནི་སྤྱི་ལོ་ ༡༩༦༩ ལོར་སོག་ཡུལ་གྱི་དགའ་ལྡན་ཐེག་ཆེན་གླིང་གི་མཁན་ཟུར། Samaagiin Gombojov ས་མ་རྒན་མགོན་པོ་སྐྱབས་ལགས་ནས་རེ་སྐུལ་ལྟར། ཨུ་སུ་རུའི་ནང་པའི་དབུ་བླ་མཇམ་དཔལ་རྡོ་རྗེ་མགོན་པོ་དང་བ་ཀུ་ལ་རིན་པོ་ཆེ་སོགས་མཉམ་རུབ་གསར་འཛུགས་གནང་བའི་ལོ་རྒྱུས་རིང་ཤོས་གྲས་ཀྱི་ནང་པའི་ལྷན་ཚོགས་ཤིག་ཡིན་པ་དང་། ད་རེས་ཀྱི་ལྷན་ཚོགས་འདིར་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ Jagdeep Dhankhar ལགས་ཀྱང་ལྷན་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།