རྒྱ་གར་ཧི་མ་ལ་ཡ་ན་ལེནྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ནས་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཐད་གྲོས་ཆོད་བཞག་འདུག

2022.12.21
རྒྱ་གར་ཧི་མ་ལ་ཡ་ན་ལེནྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ནས་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཐད་གྲོས་ཆོད་བཞག་འདུག རྒྱ་གར་ཧི་མ་ལ་ཡ་ན་ལེནྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ (Indian Himalayan Council for Nalanda Buddhist Tradition) ཀྱི་འགན་འཛིན་ལྷན་ཚོགས་ཐེངས་གཉིས་པའི་ཐོག། ༡༢།༢༠།༢༠༢༢
IHCNBT

ཟླ་བ་འདིའི་ཕྱི་ཚེས་༢༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་ཧི་མ་ལ་ཡ་ན་ལེནྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ (Indian Himalayan Council for Nalanda Buddhist Tradition) ཀྱི་འགན་འཛིན་ལྷན་ཚོགས་ཐེངས་གཉིས་པའི་ཐོག། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ཀྱི་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་དེར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་རྒྱུ་མ་ཟད། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ནང་པ་ཚོས་དེར་དུས་ནམ་ཡང་བརྩི་བཀུར་བྱེད་རྒྱུ་མིན་པའི་གྲོས་ཆོད་ཞིག་བཞག་འདུག ད་དུང་སྤྱི་མོས་གྲོས་ཆོད་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་སྐུ་དབང་དེ་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད་པ་ལས། གཞན་གཞུང་དང་དབང་འཛིན་པ་སུ་ལ་ཡང་མེད་པ་བཀོད་འདུག
རྒྱ་གར་ཧི་མ་ལ་ཡ་ན་ལེནྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་དྲུང་ཆེ་མོ་ལིང་མགོན་པོ་ལགས་ཀྱིས་གྲོས་ཆོད་དེའི་ནང་དོན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བ་ལྟར་ན། དགའ་ལྡན་ཕོ་བྲང་ཡིག་ཚང་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་གི་བར་ཡུན་རིང་ནས་འབྲེལ་བ་ཟབ་ཡོད་པ་ཞིག་ཡིན་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་མི་མང་ཚོའི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་ཡོང་རྒྱུར་རླབས་ཆེན་གྱི་བཀའ་དྲིན་བསྐྱངས་པར་བརྟེན། ད་རེས་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སྤྱི་མོས་ཀྱི་ཐོག་ནས་གྲོས་ཆོས་བཞག་པའི་ནང་། གཙོ་བོ་དཔལ་ན་ལེནྜའི་ནང་ཆོས་སྲོལ་རྒྱུན་དང་མཐུན་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་དེ་ནི་ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མཐུན་པ་ཞིག་ཡིན་དུས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་སྐུ་དབང་དེ་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད་པ་ལས། གཞན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སོགས་སྡེ་ཁག་གཞན་སུ་ལ་ཡང་མེད་པ་དང་། གལ་སྲིད། རྒྱལ་ཁབ་དང་སྡེ་ཁག་གང་རུང་ཞིག་གིས་ཆབ་སྲིད་ཀྱི་དགོས་མཁོར་བརྟེན་ནས་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་བྱས་པ་ཡིན་ན། ང་ཚོ་ཧི་མ་ལ་ཡ་ན་ལེནྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ནས་ནམ་ཡང་ངོས་ལེན་ཞུ་ཐབས་མེད་ལ་དེ་ལ་ང་ཚོ་གུས་བཀུར་རྩིས་མཐོང་ནམ་ཡང་ཞུ་རྒྱུ་མིན་པ་གྲོས་ཆོད་ནང་འཁོད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཧི་མ་ལ་ཡ་ན་ལེནྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཙོ་ལོ་ཆེན་སྤྲུལ་སྐུ་མཆོག་གིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ན་ལེནྜ་ནང་པའི་སྲོལ་རྒྱུན་རྗེས་འཇུག་པ་ཡོངས་ཀྱི་རྩ་བའི་བླ་མ་ཡིན་པས། གལ་ཏེ་རྒྱ་ནག་གཞུང་གིས་མ་འོངས་པར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ལྟར། ཁོ་རང་ཚོས་ཡང་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཞིག་ངོས་འཛིན་བྱས་པ་ཡིན་ཚེ། དེ་ལ་ཚང་མས་ངོས་ལེན་བྱེད་ཀྱི་མ་རེད་ཅེས་གསུང་བྱུང་།

nalanda.jpg
ཡང་ལྷན་ཚོགས་དེའི་ཚོགས་གཞོན་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེས། དེང་སྐབས་རྒྱལ་སྤྱི་དང་རྒྱལ་ནང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཀྱི་ཐད་དོགས་འདྲི་འདྲ་མིན་ཡོང་བཞིན་ཡོད་པ་ལྟར། རྒྱ་གར་གཞུང་གི་ལས་བྱེད་དང་གནད་ཡོད་མི་སྣ་ཚོའི་ཁྲོད་དུ་ཡང་དོགས་འདྲི་འདྲ་མིན་ཡོང་བཞིན་ཡོད་དུས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་བརྒྱུད་ནང་ཆོས་རྗེས་འབྲང་པ་རྣམས་དེ་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབསལྷན་ཚོགས་འདིའི་ལངས་ཕྱོགས་གསལ་སྟོན་བྱས་པ་ལྟར། རྒྱ་གར་གཞུང་གི་སྲིད་བྱུས་ཡང་དེ་ལྟར་འཛིན་རྒྱུའི་རེ་བ་བཅངས་པ་ཞིག་ཡིན་པ་གསུངས་བྱུང་།
ལྷན་ཚོགས་དེ་ཚོགས་གཙོ་ལོ་ཆེན་རིན་པོ་ཆེ་ཡི་གཙོ་སྐྱོང་འོག་ལྷན་ཚོགས་གནང་ཡོད་པ་དང་། ལྷན་ཚོགས་དེའི་དགོང་མོའི་གསོལ་སྟོན་སྐབས། རྒྱ་གར་གྱི་ཁྲིམས་དོན་བློན་ཆེན་ཀི་རན་རི་ཇུ་ཇི་དང་། རྒྱ་གར་ལ་དྭགས་ཁུལ་གྱི་དབུས་ཀྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དེ་བཞིན་རྒྱ་གར་ནང་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་རིན་ཆེན་ལྷ་མོ་ལགས་བཅས་ལྷན་བཞུགས་གནང་ཡོད་པ་རེད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༧ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ། བོད་པའི་དགོན་སྡེ་ཁག་གི་འཛིན་སྐྱོང་སྤྱི་དང་བྱེ་བྲག་ཏུ་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་དབང་ཆ་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པའི་སྲིད་བྱུས་གཏན་འབེབས་བྱས་ཡོད་ན་ཡང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་འོངས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་སྐུ་དབང་༧གོང་ས་མཆོག་མཆོག་གང་ཉིད་ལ་ཡོད་པ་ལས་རྒྱ་ནག་གཞུང་ལ་མེད་པ་གསལ་སྟོན་གནང་ཡོད།
ད་དུང་ཨ་རི་གཞུང་གི་ངོས་ནས་ཀྱང་ཕྱི་ལོ་༢༠༢༠བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ནང་། མ་འོངས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་པ་ཡིན་ན་ཁས་ལེན་བྱ་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་རེད།

nalanda1.jpg
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་ཧི་མ་ལ་ཡ་ན་ལེནྜ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་དེ་ནི་གཙོ་བོ་རྒྱ་གར་གྱི་ཧི་མ་ལ་རིགས་རྒྱུད་ཀྱི་ནང་ཡོད་པའི་ནང་པའི་རིས་མེད་ཆོས་སྡེ་ཁག་གི་བཤད་སྒྲུབ་འཆད་ཉན་གོང་འཕེལ་གཏོང་ཐབས་གནང་བ་བརྒྱུད་དཔལ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་དེ་དག་བདག་གཅེས་རྒྱུད་འཛིན་བྱ་རྒྱུར་དམིགས་ཏེ་གསར་བཙུགས་གནང་བ་ཞིག་ཡིན་པ་རེད། ལྷན་ཚོགས་དེའི་ཁྱབ་ཁོངས་ས་གནས་ཁག་ནི་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་ཧི་མ་ཅལ་མངའ་སྡེའི་ལ་ཧོལ་སི་པི་ཏི། ཀི་ནོར། ཀ་ཛ་དང་། ཨུ་ཏར་ཁནྜ་མངའ་སྡེའི་ཨུ་ཏར་ཀ་ཤི་དང་། དྷོན་ཌ་དང་རྒྱ་གར་བྱང་ཤར་ཀ་རྡོ་སྒང་གསུམ་དེ་བཞིན་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་བཅས་ཡིན་པ་རེད་འདུག་ལ་ལྷན་ཚོགས་དེས་ཁྱབ་ཁོངས་ས་གནས་ཁག་ཏུ་ནང་པའི་ལྷན་ཚོགས་གོ་སྒྲིག་གནང་བཞིན་ཡོད་པ་རེད་འདུག


གསར་འགོད་པ། པདྨ་དངོས་གྲུབ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎