བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་མཚོ་པད་མར་ཆིབས་བསྒྱུར་གནང་རྒྱུ།


2016.07.12
གུ་རུ་རིན་པོ་ཆེའི་འཁྲུངས་གནས་གནས་མཆོག་མཚོ་པད་མ། ༢༠༡༦།༣ གུ་རུ་རིན་པོ་ཆེའི་འཁྲུངས་གནས་གནས་མཆོག་མཚོ་པད་མ། ༢༠༡༦།༣
emptyness0/FL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཕྱི་ཟླ་༧་ཚེས་༡༣་ཉིན་གུ་རུ་རིན་པོ་ཆེའི་འཁྲུངས་གནས་གནས་མཆོག་མཚོ་པདྨར་ཆིབས་བསྒྱུར་ཞབས་སོར་མཛད་རྒྱུ་ཡིན་འདུག།
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་དང་༧སྐུའི་མཆོད་གཡོག་ཞབས་ཞུ་བ་སྐུ་ཞབས་བཀྲིས་ལགས་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན། སང་ཉིན་ཕྱི་ཚེས་༡༣་ཉིན་རྒྱབ་མང་ཚོགས་ལ་རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ། ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་༡༤་སྔ་དྲོ་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གི་སྔར་གྱི་ཕྱག་སྲོལ་བཞིན་སྤྲེལ་ཟླ་ཚེས་བཅུའི་ཉིན་གནས་ཆུང་ཆོས་སྐྱོང་གི་སྤྱན་འདྲེན་ཞུ་རྒྱུ་དང་། དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་གནས་ཆུང་། དེ་བཞིན་མཚོ་པདྨའི་ཁུལ་གྱི་དགེ་འདུན་པ་རྣམས་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་མ་ཧ་གུ་རུའི་ཚོགས་མཆོད་རྒྱས་པ་ཞིག་འབུལ་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་༡༤་ཉིན་རྒྱབ་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་སྩོལ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གནས་མཆོག་མཚོ་པདྨར་ཞབས་སོར་གྱི་སྐུའི་སྲུང་བྱ་དང་མང་ཚོགས་འཕྲོད་བསྟེན། མོ་ཊ་འཇོག་ཡུལ་སོགས་གྲ་སྒྲིག་འཐུས་ཚང་ཞུ་བཞིན་ཡོད་པ་ས་གནས་ཉེན་རྟོག་པའི་སྤྱི་ཁྱབ་Prem Kuma Thakur་གྱིས་རྒྱ་གར་གྱི་The Tribune གསར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག།    

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎