༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་དངོས་བྱུང་གློག་བརྙན།
ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འཛམ་གླིང་ཞི་བདེའི་དེད་དཔོན་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་ཉེ་དུས་ཐེ་ཝན་གྱི་རྒྱལ་ས་ཐེཡ་པེ་ནང་གཟིགས་འབུལ་ཞུས་འདུག
-
2015-09-23 -
-
-
༄༅། ཉི་ཧོང་གི་པར་པ་ཞིག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྐོར་དུས་ཡུན་ཕྱག་ཚོད་གཉིས་བྱས་པའི་དངོས་བྱུང་གློག་བརྙན་ཞིག་ལ་ཐེ་ཝན་མི་མང་བརྒྱ་ཕྲག་མང་པོས་དགའ་མོས་ཆེན་པོ་ཞུས་འདུག དབྱིན་སྐད་ཐོག་The Dalai Lama, the 14th, The World Champion Of Peace འམ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འཛམ་གླིང་ཞི་བདེའི་དེད་དཔོན་ཞེས་པའི་དངོས་བྱུང་གློག་བརྙན་དེའི་གཤམ་ལ་རྒྱ་ཡིག་མཆན་ཡིག་འཁོད་པ་དེ་བཞིན་ཉེ་དུས་ཐེ་ཝན་གྱི་རྒྱལ་ས་ཐེཡ་པེ་ནང་གཟིགས་འབུལ་ཞུས་ཡོད་ཅིང་། སྐབས་དེར་མི་སྒེར་པ་འགའ་ཤས་ཀྱི་བློ་ལ་གློག་བརྙན་དེ་ཧ་ཅང་འཇུག་པོ་བྱུང་ནས་གློག་བརྙན་གཟིགས་འབུལ་གཅིག་གི་ལག་ཁྱེར་ཡོངས་རྫོགས་ཉོས་ནས་མི་མང་ལ་རིན་མེད་སྤྲད་པ་བྱུང་ཡོད་ཅིང་། ཐེ་ཝན་བོད་མིའི་བདེ་དོན་ཚོགས་པའི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་ཀྱིས་གློག་བརྙན་དེ་གཟིགས་འབུལ་ཞུ་རྒྱུའི་དུས་ཚོད་གཅིག་གི་ཕྱག་ཁྱེར་ཡོངས་རྫོགས་ཉོས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྤྱི་དང་ལྷག་དོན་དུ་རྒྱུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་གདན་འདྲེན་ཞུས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་༢༠༠ལྷག་གིས་༧གོང་ས་མཆོག་གི་མཛད་རྣམ་སྐོར་གྱི་གློག་བརྙན་དེ་མཇལ་འདུག་ལ། གློག་བརྙན་དེ་གཟིགས་འབུལ་གྲུབ་པའི་རྗེས་སུ་མང་ཚོགས་ནས་བོད་བརྒྱུད་ནང་ཆོས་དང་བོད་ཀྱི་ཆབ་སྲིད་གནད་དོན་སེལ་ཐབས་སོགས་མང་ཚོགས་ནས་བཀའ་འདྲི་ཞུས་པ་ཁག་ལ་ཐེ་ཝན་ནང་བཅའ་བཞུགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བཀའ་ལན་གནང་ཡོད་པའི་གནས་ཚུལ་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།