༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནས་བབས་ཐད་ཟུར་ཚོགས།
ལོ་ངོ་ཉི་ཤུ་རྩ་ལྔའི་རྗེས་རྒྱལ་སྤྱིའི་ནང་། མ་འོངས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་་མཆོག་གི་༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གནད་དོན་ཐད་དོ་སྣང་བྱེད་མཁན་དང་། ལྷག་པར་དུ་གལ་འགངས་ཧ་ཅང་ཆེ་བའི་གནད་དོན་འདིའི་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་འགོག་ཐབས་དགོས་པ་བརྗོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
ཕྱི་ཟླ་ ༡༠ ཚེས་ ༤ཉིན་སུད་སིའི་གྲོང་ཁྱེར་ ཇི་ནི་ཝར་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཨ་རིའི་གཏན་འཇགས་སྐུ་ཚབ་ལས་ཁུངས་ཀྱིས་གོ་སྒྲིག་འོག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནས་བབས་ཐད་ཟུར་ཚོགས་ཤིག་གནང་འདུག ཟུར་ཚོགས་དེའི་ཐད་ཨ་རིའི་བོད་དོན་ཐད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ ཨུཛ་ར་ཛི་ཡ་མཆོག་གིས་ ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཀྱི་ཟུར་ཚོགས་ཞིག་མགྲོན་བདག་ཞུ་རྒྱུ་བྱུང་བར་དགའ་སྤོབས་བྱུང་། ང་ཚོའི་ངོས་ནས་བོད་མིའི་སྤྱི་ཚོགས་ཀྱིས་རང་རང་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམ་ཐོན་ཞུ་རྒྱུ་མཚོན་པས་ཆོས་དད་རང་དབང་ལ་རྒྱབ་སྐྱོར་མུ་འཐུད་ཞུ་རྒྱུ་ཡིན་ཞེས་ཁོང་གི་ཊུ་ཊར་དྲ་ལམ་ཐོག་བཀོད་སྤེལ་གནང་འདུག ད་རེས་ཟུར་ཚོགས་དེའི་ཐོག་དབྱིན་ཇིའི་སྲིད་བློན་གྱི་ཆོས་དད་རང་དབང་ཐད་ཀྱི་དམིགས་བསལ་སྐུ་ཚབ་ Fiona Bruce ལགས་ཀྱང་ལྷན་ཞུགས་གནང་འདུག་ཅིང་། དབྱིན་ཡུལ་དང་ཁེ་ན་ཌ། ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་ལི་ཐུཡེ་ནི་ཡ་བཅས་ནས་ཟུར་ཚོགས་འདི་གོ་སྒྲིག་ཞུ་རྒྱུར་མཐུན་རྒྱུར་གནང་འདུག
ད་རེས་ཀྱི་ཟུར་ཚོགས་འདིའི་ཐོག་ རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་ International Tibet Network གྱིས་ བོད། ༧གོང་ས་ཏཱ་ལའི་བླ་མ་མཆོག ཡང་སྲིད་དང་འབྲེལ་བའི་ཡུལ་མཚམས་འགལ་བའི་ཆབ་སྲིད་ཀྱི་གནད་དོན་ དབྱིན་སྐད་ནང་། Tibet, the Dalai Lama, and the Geopolitics of Reincarnation ཟེར་བའི་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོ་དེའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནས་བབས་འདི་བོད་དང་བོད་མི། བོད་མིའི་ཆོས་དང་རིག་གཞུང་དང་འབྲེལ་བའི་གནད་དོན་གྱི་སྙིང་པོ་ཆགས་རྒྱུ་ཡིན་པར་མ་ཟད། བོད་ཙམ་མིན་པར་གཙོ་བོ་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་པའི་ནང་པ་དང་། སོག་ཡུལ་རྒྱལ་ཁབ་དང་མི་དམངས་ཀྱི་རིག་གཞུང་དང་ཡང་འབྲེལ་བ་ཤུགས་ཆེ་ཆགས་རྒྱུ་ཡིན་པའི་སྐོར་བཀོད་འདུག
ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་ལྕམ་ Michelle Taylor ལགས་ཀྱིས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་མཉམ་དུ་ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༡ པའི་ཐོག ཏཱ་ལའི་བླ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནས་བབས་ཐད་ཟུར་ཚོགས་གོ་སྒྲིག་ཞུ་རྒྱུ་བྱུང་བར་ཧ་ཅང་གི་དགའ་པོ་བྱུང་། ང་ཚོས་བོད་མི་ཡོངས་ཀྱི་ཆོས་དང་དད་པའི་རང་དབང་གི་ཐོབ་ཐང་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་རྒྱུ་ཡིན་ཞེས་ཁོང་གི་ ཊུ་ཊར་དྲ་ལམ་ཐོག་བཀོད་འདུག
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐད་ཐེ་བྱེད་རྒྱུའི་འཆར་གཞི་ལོ་མང་སྔོན་ནས་བཟོ་བཞིན་ཡོད་པ་གསལ་བཏོན་བྱས་འདུག་ལ། དེ་བཞིན་མ་འོངས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་ཞུགས་མེད་པའི་དུས་སྐབས་སུ་རྒྱ་ནག་གཞུང་གིས་བོད་དོན་ཐད་རྒྱལ་སྤྱིའི་རྒྱབ་སྐྱོར་རྩ་མེད་བཟོ་རྒྱུའི་འཆར་གཞིའི་སྐོར་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཀྱི་ཐུགས་དགོངས་ཇི་ཡོད་སོགས་གསལ་བཏོན་གནང་འདུག
ལྷག་པར་དུ་རྒྱ་ནག་གཞུང་གིས་པན་ཆེན་སྐུ་གོང་མའི་ཡང་སྲིད་རྒྱ་ནག་གཞུང་རང་ངོས་ནས་བསྐོ་བཞག་བྱས་པའི་གནད་དོན་དང་། དམིགས་བསལ་སྤྲུལ་སྐུ་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་ཕྱོགས་ནས་སྔ་རྗེས་རྩ་འཛིན་ཡིག་ཆ་ཨང་ལྔ་པ་ལ་སོགས་པ་གཏན་འབེབས་བྱས་པ་དེ་དག་ལས། རྒྱ་ནག་གཞུང་གི་དམིགས་ཡུལ་ངོ་མ་ནི་མ་འོངས་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་རྒྱ་ནག་གཞུང་རང་ཉིད་ནས་བསྐོ་བཞག་བྱེད་ཐབས་བྱེད་རྒྱུའི་འཆར་གཞི་ཡོད་པ་ནི་མངོན་གསལ་དོད་པོ་ཡིན་པ་སྙན་ཐོ་དེའི་ནང་བཀོད་འདུག
ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ཇི་ནི་ཝར་གཏན་གཞི་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཏན་འཇགས་སྐུ་ཚབ་ལས་ཁུངས་ནས་གཞུང་འབྲེལ་གྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནས་བབས་དང་འབྲེལ་བའི་སྐོར་ཚོགས་འདུ་ཆེད་བསྐོང་གནང་པ་དེ་ནི་མཚོན་དོན་རང་བཞིན་ཧ་ཅང་ཆེ་ལ། གལ་གནད་ཆེ་བ་ཞིག་ཀྱང་ཡིན་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གཏན་གཞི་བྱེད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གོ་ལའི་ཀུན་ཁྱབ་འགན་འཁུར་ཐེབས་རྩའི་ངེས་སྟོན་པ་སྐུ་ཞབས་ Rajiv Mehrotra ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དང་བོད་མིའི་ཐད་ཕུགས་རྒྱང་རིང་པོའི་དམིགས་ཡུལ་བཟུང་བཞིན་པ་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་ཕྲེང་བའི་གནད་དོན་ཙམ་མིན་པར། ཁོང་ཚོས་བོད་ཀྱི་དཔལ་ཡོན་དང་རིན་ཐང་དེ་དག་འཛམ་གླིང་ཐོག་གནད་འགག་ཆེན་པོ་ཇི་ཙམ་ཡིན་པ་ཡང་ངོས་འཛིན་བྱེད་པ་མཚོན་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་རིག་གཞུང་དང་དཔལ་ཡོན། རིན་ཐང་དེ་དག་གི་མཚོན་དོན་དེ་ཡིན་པ་རེད་ཅེས་གསུངས་བྱུང་།
ཡང་ཚོགས་འདུའི་ཐོག་བཅར་མཁན་གཞན་ཞིག་སྟེ། Eat the Buddha ཟེར་བ་ བོད་སྤྱི་དང་ལྷག་པར་དུ་རྔ་བ་ཁུལ་རང་ལུས་མེར་བསྲེགས་བཏང་མཁན་བོད་མི་ཚོའི་གནས་ལུགས་སྐོར་གྱི་དཔེ་དེབ་རྩོམ་པ་པོ་ Barbara Demick ལགས་ཀྱིས། སྤྱིར་བཏང་ཚོགས་འདུ་འདི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཇི་ཆགས་སྐོར་ཡིན་ཡང་། ༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་ད་ལྟ་གླེང་སློང་བྱེད་རྒྱུ་སྔ་དྲག་པ་ཞིག་རེད། འོན་ཀྱང་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐད་དོ་དམ་སྟངས་འཛིན་བྱེད་རྒྱུའི་འཆར་གཞི་དང་སྔོན་བརྡ་བཏང་བཞིན་པར་གཞིགས་ན། གནད་དོན་འདིའི་ཐད་གླེང་སློང་ངེས་པར་བྱེད་དགོས་པ་ཞིག་རང་བཞིན་གྱིས་ཆགས་པ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག
ཡ་མཚན་པ་ཞིག་ལ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱི་ཟླ་ ༡༠ ཚེས་ ༣ ཉིན་ རྒྱ་ནག་གིས་རྒྱ་ནག་རྒྱལ་ནང་དང་ཕྱི་རྒྱལ་ནས་མགྲོན་འབོད་བྱས་པའི་བོད་ཀྱི་མཁས་དབང་ཟེར་བ་ཁག་ཅིག་འདུ་བསྐོང་གིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ པ་དང་བསྟུན་ནས་ བོད་རྒྱུད་ནང་བསྟན་ནང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་སྐོར་ཟུར་ཚོགས་ཞིག་དྲ་ཐོག་འཚོགས་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་བཀོད་སྤེལ་བྱས་འདུག་ཅིང་། ཚོགས་འདུའི་ཐོག་ཏཱ་ལའི་བླ་མའི་ཡང་སྲིད་རྒྱ་ནག་དབུས་གཞུང་ལ་ཐག་གཅོད་བྱེད་དབང་ཡོད་པ་སླར་ཡང་གཏན་འབེབས་བྱུང་ལུགས་སོགས་བརྗོད་འདུག
དབྱིན་ལེན་དུ་བཅའ་ཞུགས་བོད་གནས་ཉམས་ཞིབ་པ་སྐུ་ཞབས་ Robbie Barnett ལགས་ཀྱིས་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གཞུང་གི་གོ་སྒྲིག་འོག་འདི་ལྟ་བུའི་ཚོགས་འདུ་བསྐོང་འཚོགས་བྱས་པ་དེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་གནས་བབས་ཐད་རྒྱ་ནག་གཞུང་ལ་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པ་མཚོན་པ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག
ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་པས་ཚོགས་འདུ་འདི་ལྟ་བུ་གོ་སྒྲིག་གནང་པ་དེ་ནི་གཙོ་བོ་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་གཞན་ཁག་ལ། ཨ་མི་རི་ཀའི་གཞུང་གིས་བོད་དོན་རྒྱབ་སྐྱོར་དང་ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནས་བབས་སྐོར་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་དབང་མེད་པ་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་གཏན་འབེབས་བྱས་ཡོད་པ་དང་གཅིག་མཚུངས་ཡོ་རོབ་རྒྱལ་ཁབ་ཚོས་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ནི་བོད་ཀྱི་གནའ་བོའི་ལམ་སྲོལ་གྱི་ཐོག་ནས་ངོས་འཛིན་ཞུ་དགོས་པའི་གྲོས་ཆོད་གཏན་འབེབས་ཡོང་བའི་ཐབས་ལམ་ཞིག་ཡིན་པ་ དབྱིན་ཡུལ་དུ་བཅའ་ཞུགས་བོད་དོན་ཉམས་ཞིབ་པ་ Kate Saunders ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཉེ་ཆར་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་ཡོད་པ་དེའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་གྱི་སྐུ་དབང་ཡོངས་རྫོགས་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཉིད་ཁོ་ནར་ཡོད་པ་གསལ་འདོན་གནང་འདུག
གསར་འགོད་པ་དང་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།