༧གོང་ས་མཆོག་གིས་ནེ་ཐར་ལེནཌསྀ་ཡི་གྲོས་ཚོགས་ཀྱི་འཐུས་མི་དང་མཇལ་འཕྲད།
2018.09.17

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ནེ་ཐར་ལེནཌསྀ་ཡི་གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་དྲུག་དང་མཇལ་འཕྲད་དང་དེའི་རྗེས་བློ་སྦྱོང་ཚིག་བརྒྱད་མའི་སྒོ་ནས་ཆོས་འབྲེལ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་ ༩ ཚེས་ ༡༧ ཉིན་ཡོ་རོབ་ཡུལ་གྲུ་ནེ་ཐར་ལེནཌསྀ་ཡི་གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་དྲུག་དང་མཇལ་འཕྲད་གནང་འདུག་ཅིང་། དེ་རྗེས་མང་ཚོགས་སྟོང་ཚོ་དྲུག་བརྒལ་བར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་སྒོ་ནས་ཆོས་འབྲེལ་སྩལ་ཡོད་པ་རེད།
བློ་སྦྱོང་ཚིག་བརྒྱད་མའི་སྔོན་འགྲོའི་ཆོས་བཤད་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བདེན་པ་གཉིས་དང་བདེན་བཞི་སོགས་ཀྱི་ནང་དོན་ཆོས་འཁོར་རིམ་པ་གསུམ་དང་སྦྱར་བའི་སྒོ་ནས་འགྲེལ་བཤད་ཞིབ་རྒྱས་གནང་པ་དང་། ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ཁོངས་སུ་དབང་རྟུལ་དད་པའི་རྗེས་འབྲངས་དང་དབང་རྣོན་ཆོས་ཀྱི་རྗེས་འབྲངས་པའི་རིགས་གཉིས་ཡོད་ན་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་དེ་དག་ནི་གཙོ་བོ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་སམ་རིག་པའི་རྗེས་འབྲངས་གཙོ་བོར་གསུངས་པ་ཞིག་ཡིན་པ་བཀའ་གནང་པ་ཞིག་ཡིན་སྟབས་ངེས་པར་དུ་སངས་རྒྱས་ཀྱིས་གསུངས་པའི་བདེན་པ་གཉིས་དང་བདེན་བཞི་སོགས་ལ་སློབ་སྦྱོང་བྱེད་པའི་ཐོག་ནས་ཉམས་ལེན་བྱེད་དགོས་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་རྗེས་འབྲངས་པ་ཚོས་སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་མཆི་ཞེས་དད་པ་ཁོ་ནའི་ཐོག་ནས་ཕྱིན་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་འདི་དུས་ཡུན་གང་ཙམ་གནས་མིན་བརྗོད་དཀའ་བ་རེད་ཅེས་དང་། གལ་ཏེ་སངས་རྒྱས་ཀྱི་བཀའ་དེ་དེ་དག་རིག་པའི་རྗེས་སུ་འབྲངས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཚེ་སངས་རྒྱས་ཀྱི་ཆོས་ལུགས་དེ་ད་དུང་ཡང་ལོ་ངོ་བརྒྱ་ཕྲག་འགའ་ཤས་རིང་གནས་ཐུབ་པ་ཞིག་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༩ ཉིན་ཇར་མན་གྱི་གྲོང་ཁྱེར་རྡརམསྀ་རྡཀཏ་ནང་འཚེ་བ་མེད་པ་དང་ཞི་བདེ་ཅེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་གི་ཚོགས་འདུའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག
ལྷན་ཚོགས་འདི་ཇར་མན་བོད་ཁང་དང་དགའ་ལྡན་ཕོ་བྲང་ཡིག་ཚང་ཐོུང་ནས་གོ་སྒྲིག་གནང་གི་ཡོད་ཅིང་། ཡང་ཕྱི་ཚེས་ ༢༠ ཐམ་པའི་ཉིན་ཇར་མན་དང་ཨ་རིའི་ལྟེ་གནས་ཁང་གིས་གོ་སྒྲིག་འོག་ཇར་མན་གྱི་གྲོང་ཁྱེར་ཧེ་རྡེལ་སྦཱརཀ་རུ་བདེ་སྐྱིད་དང་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་གི་ཚོགས་འདུའི་ཐོག་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག
སུད་ཛར་ལེན་ཌིའི་མཛད་འཆར་ཁག་ཕྱི་ཚེས་ ༢༡ ནས་དབུ་འཛུགས་གནང་གི་ཡོད་པ་རེད།
གསར་འགོད་པ་འགན་འཛིན་སྐལ་ལྡན་བློ་གྲོས།