༧གོང་ས་མཆོག་གིས་སེམས་ཀྱི་ཞི་བདེ་ཡིས་ལུས་པོ་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད་པ། མོན་མོའུ་ཐུ་སློབ་ཆེན་གྱི་དགེ་ལས་སློབ་ཕྲུག་ཚོར་བཀའ་གནང་ཡོད་པ།

ཨ་མི་རི་ཀའི་Monmouth་Universityགཙུག་ལག་སློབ་ཆེན་གྱི་དགེ་ལས་སློབ་ཕྲུག་ཚོས་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༩པའི་ཚེས་༢༢ཉིན་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། ང་ཚོའི་བདེ་སྐྱིད་དང་འཕྲོད་བསྟེན།འབྱུང་འགྱུར་ཅེས་པའི་བརྗོད་གཞི་དང་འབྲེལ་ཏེ། བཀའ་སློབ་དང་དྲི་བ་ལ་བཀའ་ལན་ཕེབས་སྐབས། སེམས་ལ་ཞི་བདེ་ཡོད་ན་ལུས་པོ་བདེ་ཐང་ཡོང་རྒྱུར་ཕན་ཐོགས་ཧ་ཅང་རྒྱ་ཆེ་ཡོད་པ་བཀའ་གནང་གི་འདུག
དེ་རིང་ཞོགས་པ་རང་ངོས་ལ་བོད་ལུགས་གསོ་རིག་དང་དེང་རབས་ཕྱི་ལུགས་ཀྱི་སྨན་པ་གཉི་གས་བརྟག་དཔྱད་གནང་བ་བརྒྱུད། ངོས་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་བདེ་ཐང་ཡིན་པའི་འབྲས་བུ་ཐོན་ཡོད་པས། ངོས་ནས་བསམ་ན་སྨན་གཅིག་པུ་ཙམ་མིན་པར། ངོས་ཀྱི་བསམ་བློ་གཏོང་ཕྱོགས་ནི་རྟག་པར་ཞི་བདེའི་ངང་གནས་ཡོད་པ་དང་། གཞི་རྒྱ་ཆེ་ས་ནས་སེམས་ཅན་ཐམས་ཅད་དང་རྒྱ་ཆུང་ས་ནས་གོ་ལ་འདིའི་སྟེང་གི་སེམས་ཅན་ཚང་མ་གཅིག་པ་རེད། དེར་བརྟེན་སེམས་ཀྱི་ཞི་བདེ་ཡིས་ལུས་ཀྱི་བདེ་ཐང་བསྐྲུན་པར་ཕན་པ་ཧ་ཅང་རྒྱ་ཆེ་འདུག་ཅེས་བཀའ་གནང་གི་འདུག་ཅིང་། གཞན་ཡང་སློབ་ཕྲུག་Jacop་Corderoལགས་ནས། གནམ་གཤིས་འགྱུར་ལྡོག་གིས་ང་ཚོ་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་པ་དང་། འཛམ་གླིང་གི་འགྱུར་ལྡོག་ལ་ཐུགས་རེ་ཅི་ཙམ་གནང་གི་ཡོད་པ་དྲིས་པར། གོ་ལའི་འགྱུར་འགྲོས་སྤྱི་ཡོངས་ཀྱི་ཆ་ནས་རང་བྱུང་གི་འགྱུར་ལྡོག་ཅིག་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་གནམ་གཤིས་འཇམ་པོ་ཡོང་མིན་དེ་ཡང་ང་ཚོའི་སྤྱོད་པ་ལ་འབྲེལ་བ་གྲུབ་ཡོད་པས། ང་ཚོས་གོ་ལའི་འགྱུར་ལྡོག་ལ་གཅེས་སྐྱོང་གནང་དགོས་ངེས་ཤིག་རེད་ཅེས་བཀའ་གནང་གི་འདུག
ད་ཆ་མ་མཐར་ཡང་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ང་ཚོས་གོ་ལའི་འགྱུར་ལྡོག་ལ་ཡིད་གཟབ་གཅེས་སྐྱོང་གནང་དགོས་ངེས་ཤིག་དང་། དེ་ལ་བོད་ནི་ཕལ་ཆེར་ཨེ་ཤེ་ཡ་ཡོངས་རྫོགས་ཀྱི་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཡིན་ཅིང་། རྒྱ་གར་དང་རྒྱ་ནག་ལ་ཐད་ཀར་འབྲེལ་ཡོད་པ་མ་ཟད། ཕྱོགས་ཁག་ཅིག་ནས་པ་ཀི་སི་ཏན་དང་ཡང་འབྲེལ་བ་གྲུབ་ཡོད་པས། གལ་ཆེ་ཤོས་ནི་བོད་ནང་སྔོ་ལྗང་གི་རིགས་ཅི་ཐུབ་བདག་སྐྱོང་གནང་རྒྱུ་དང་། རྒྱ་གར་དང་རྒྱ་ནག་ལ་བཞུར་བཞིན་པའི་མཚོན་པ་ཆུ་བོ་ཆེ་ཁག་ལ་སྲུང་སྐྱོབ་གནང་དགོས་པ་རེད་ཅེས་བཀའ་གནང་གི་འདུག་ཅིང་། ཡང་སློབ་གྲྭ་དེའི་མཁས་དབང་Dr་Raj་Devasagayamལགས་ནས། ཏོག་དབྱིབས་རིམས་ནད་ཀྱིས་ཆོས་ཀྱི་ཉམས་ལེན་ལ་ཤུགས་རྐྱེན་ཆེ་ཤོས་ཅི་ཐེབས་ཡོད་པ་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་རིམས་ནད་གསར་པ་འདི་འགྱུར་ལྡོག་གི་ཆ་ཤས་ཤིག་ཡིན་པས། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ཡིད་གཟབ་གནང་རྒྱུ་རེད་ཅེས་བཀའ་གནང་གི་འདུག
ཏོག་དབྱིབས་རིམས་ནད་འདི་ད་ཆ་གང་ལྟར་ཨ་རི་དང་ཡོ་རོབ་བཅས་སུ་ཚབས་ཆེན་གྱི་གནས་སྟངས་ཆགས་ཡོད་ཅིང་། རྒྱ་གར་ནང་དེང་སང་དྲག་བསྐྱེད་ཅུང་ཟད་ཡོང་བཞིན་པའི་གནས་སྟངས་རེད། དེ་ལ་ང་ཚོས་ངེས་པར་ཡིད་གཟབ་གནང་རྒྱུ་ལས་ཐབས་ལམ་མེད་པ་དང་།ནང་སེམས་ཀྱི་ཆ་ནས་ནད་ཡམས་གསར་པ་འདི་ནི། འཛམ་གླིང་འགྱུར་འགྲོས་ཀྱི་ཆ་ཤས་ཤིག་ཡིན་པས། སྨན་པ་དང་སྨན་ཞབས་ཚོའི་བཀོད་མངགས་བཞིན། ང་ཚོས་ཅི་ཐུབ་ཀྱིས་ཡིད་གཟབ་བྱ་རྒྱུ་དེ་རེད་ལ། རྒྱ་གར་གྱི་སློབ་དཔོན་ཞི་བ་ལྷས་དཀའ་ངལ་གྱི་རིགས་ང་ཚོས་བཅོས་ཐུབ་པ་ཞིག་ཡིན་ན་འབད་བརྩོན་བསྟེན་དགོས་པ་དང་། བཅོས་མི་ཐུབ་པ་ཞིག་ཡིན་ན་དང་ལེན་བྱ་རྒྱུ་ལས་སེམས་ཁྲལ་གྱིས་ཕན་ཐོགས་མེད་པར་གསུང་ཡོད་ཅེས་བཀའ་གནང་གི་འདུག
ཨ་མི་རི་ཀའི་Monmouth་Universityགཙུག་ལག་སློབ་ཆེན་གྱིས་དུས་སྐབས་འདི་དང་བསྟུན་ནས། ལུས་སེམས་བདེ་ཐང་དང་གསལ་བོ་ཡོང་ཆེད་ལུས་རྩལ་རིགས་འདྲ་མིན་སྦྱོང་བརྡར་དང་། ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་པར་ཤིང་སྣ་འདེབས་འཛུགས་དང་མཛད་སྒོ་འཚོགས་པ།ནང་པའི་ཆོས་ལུགས་ཀྱི་བསླབ་སྟོན་ཐོག་ནས་སྒོམ་ཉམས་ལེན་གྱི་སྦྱོང་བརྡར་དང་། བོད་བརྒྱུད་ནང་པའི་དགེ་འདུན་པ་ཚོས་སྨོན་ལམ་གསུང་འདོན་གྱི་སྒྲ་ལ་ཉན་ནས། སྒོམ་བསྐྱོན་པ་དང་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་གཟིགས་མོ་བཅས་གནང་གི་ཡོད་པ་རེད། ཨ་མི་རི་ཀའི་Monmouth་University་སྤྱི་ལོ་༡༩༣༣ལོར་གསར་བཞེངས་ཀྱི་ནེའི་ཇིར་སི་ཐག་ཉེའི་མཐོ་སློབ་ཞིག་ཡིན་པ། སྤྱི་ལོ་༡༩༥༦ལོར་Monmouth་Collegeམཐོ་སློབ་དུ་བསྒྱུར་ཡོད་པ་དང་། སྤྱི་ལོ་༡༩༩༥ལོར་Monmouthགཙུག་ལག་སློབ་ཆེན་དུ་བསྒྱུར་ཡོད་པ་རེད།