༧གོང་ས་མཆོག་ལ་དྭགས་ལིང་ཤེད་ཡུལ་དུ་ཆིབས་བསྒྱུར་གྱིས་ཆོས་འབྲེལ་སྩལ་འཆར་འདུག

2022.08.09
༧གོང་ས་མཆོག་ལ་དྭགས་ལིང་ཤེད་ཡུལ་དུ་ཆིབས་བསྒྱུར་གྱིས་ཆོས་འབྲེལ་སྩལ་འཆར་འདུག ༧གོང་ས་མཆོག་ལ་དྭགས་ལིང་ཤེད་ཡུལ་དུ་ཆིབས་བསྒྱུར་མཛད་འཆར་ལ་གྲ་སྒྲིག་བྱེད་བཞིན་པ། ༠༨།༠༩།༢༠༢༢
འཕྲིན་ལས་ཆོས་སྒྲོན།/RFA

དེ་ཡང་འདི་ཚེས་༡༠ཉིན་ལ་དྭགས་ལིང་ཤེད་དབྱར་ཆོས་ཆེན་མོ་ཉིན་བཅུའི་རིང་ཚོགས་ནས་མཇུག་སྒྲིལ་གྱི་ཡོད་པ་དང་། མཇུག་སྡོམ་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལིང་ཤེད་དགོན་པར་ཞབས་སོར་འཁོད་གཏན་འཁེལ་ཡོད་པར་བརྟེན། ལིང་ཤེད་དགོན་གྲོང་གཉིས་དང་། ཉེ་འཁོར་ཡུལ་ཆུང་རྣམས་ཀྱིས་གྲ་སྒྲིག་ཨང་གསར་བྱས་ཡོད་པ་འབྲེལ་ཡོད་གྲ་སྒྲིག་མི་སྣས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ལ་དྭགས་ལིང་ཤེད་(Lingshed)་ལུང་ཁུག་ནི་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་ཆུ་ཚོད་༦ལྷག་བསྐྱོད་དགོས་བའི་སར་ཆགས་ཡོད་པ་དང་། ལིང་ཤེད་དབྱར་ཆོས་ཆེན་མོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཚེ་དབང་འབྱོར་རྒྱས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་༢༠༠༩་ལོར་ལིང་ཤེད་དུ་ཆིབས་བསྒྱུར་གནང་མྱོང་བ་དང་། སྐབས་དེར་འགྲིམ་འགྲུལ་གྱི་ཆ་རྐྱེན་ཡག་པོ་མེད་རྐྱེན་ཝར་ན་ནས་རྒྱལ་བ་རིན་པོ་ཆེའི་སྐུ་འཁོར་དང་བཅས་བ་ཉིན་བཞིའི་རིང་ཞབས་ཐང་དུ་ཕེབས་པ་རེད། ད་སྐབས་འགྲིམ་འགྲུལ་གྱི་ཆ་རྐྱེན་ཡག་པོ་ཡོད་པ་སོང་ཙང་ཞབས་ཐང་དུ་ཕེབས་མི་དགོས་བ་སྟབས་བདེ་བ་དང་། ལ་དྭགས་དང་ཟངས་དཀར་སོགས་ནས་དད་ལྡན་པ་མང་པོ་ཕེབས་ཀྱི་འདུག ང་ཚོའི་ངོས་ནས་གྲ་སྒྲིག་རྒྱ་ཆེན་པོ་བྱེད་མ་ཐུབ་ཀྱང་ལུང་པ་ཁུག་དཀྱོག་ལ་དཔག་པས་གྲ་སྒྲིག་ཨང་གསར་ཡོད་པ་གསུངས་བྱུང་། མཛད་འཆར་ལྟར་ན། ད་ཐེངས་༧གོང་ས་མཆོག་ལིང་ཤེད་ཡུལ་དུ་ཆིབས་བསྒྱུར་དང་མཉམ་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་སྩལ་རྒྱུ་ཡིན་པ་རེད།

dalai lama lingshed ladakh (1).jpg
ལིང་ཤེད་དབྱར་ཆོས་ཆེན་མོའི་ཉིན་༩པར་མཛད་རིམ་ལྟར་མཁས་པའི་བགྲོ་གླེང་སྐབས། ལ་དྭགས་ནང་ཡོད་པའི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ཚོས་གསུངས་བཤད་དང་བགྲོ་གླེང་གནང་ཡོད་པ་དང་། ལ་དྭགས་ཁ་ཆེ་(ANJUMAN MOIN UL ISLAM)་གྱི་ཚོགས་གཙོ་ཊག་ཊར་ཨབ་དུལ་ཁ་ཡུམ་ལགས་ཀྱིས། ད་ལྟའི་ཆར་ཁ་ཆེ་ཆོས་ལུགས་ཀྱི་ལོ་གཅིག་གི་དམིགས་གསལ་དུས་ཆེན་(MUHARAM)་སླེབས་ཡོད་ན་ཡང་འདིར་ད་ལན་ཁོང་གིས་དབྱར་ཆོས་ཆེན་མོ་དེ་དམིགས་གསལ་གལ་ཆེན་པོ་མཐོང་ནས་མི་མང་དང་སྤྱི་ཚོགས་མཐུན་སྒྲིལ་ཐོག་གྲོས་མོལ་གནང་བར་ཕེབས་ཡོད་པ་གསུངས་བྱུང་།
ལ་དྭགས་ལིང་ཤེད་ཡུལ་མི་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་ན། ང་རང་ལོ་༨༤ཡིན། མ་གྲོངས་སྔོན་ལ་རྒྱལ་བ་རིན་པོ་ཆེར་མཇལ་ཐུབ་པའི་སྨོན་ལམ་རྒྱག་བཞིན་པ་ལྟར། ད་མགྱོགས་པོ་༧རྒྱལ་བ་རིན་པོ་ཆེར་མཇལ་རྒྱུ་ཡོད་པ་སེམས་ཧ་ཅང་དགའ་བོ་འདུག་ཟེར།
ལ་དྭགས་དབྱར་ཆོས་ཆེན་མོ་དེ་ལ་དྭགས་ས་གནས་སུ་ཡོད་པའི་ས་སྐྱའི་དགེ་རྙིང་མཐུས་པའི་ཆོས་རྒྱུད་འདྲ་མིན་གྱི་དགོན་པ་ནས་རེས་མོས་བཞིན་གོ་གྲིག་བྱེད་སྲོལ་ཡོད་པ་དང་། ད་ཐེངས་དབྱར་ཆོས་ཆེན་མོ་དེ་དགོན་པ་ཁག་གིས་དམིགས་བསལ་འགན་མ་བཞེས་པའི་ཐོག་ནས་དབྱར་ཆོས་ཆེན་མོ་ཐེངས་ཅིག་ལ་དྭགས་ནུབ་ར་ཁ་སྟོད་ཡུལ་གསུམ་ཞེས་པའི་ས་གནས་ཀྱི་ཡུལ་མི་ཚོ་ནས་གོ་སྒྲིག་ཞུས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༧ཚེས་༡༥ཉིན་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་གནང་བ་དང་། ལ་དྭགས་དགོན་པ་དང་ནང་པའི་མཐུན་ཚོགས་བཅས་ནས་གསོལ་འདེབས་ཞུས་དོན་ལྟར་ལ་དྭགས་ཡུལ་མིར་ཆོས་འབྲེལ་བསྩལ་གནང་བ་དང་། དེ་བཞིན་ལ་དྭགས་ས་གནས་ཀྱི་བོད་མི་ཚོར་དམིགས་བསལ་བཀའ་སློབ། ལ་དྭགས་པ་གཞུང་དམངས་ཡོངས་ཀྱིས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་པ། དེ་བཞིན་ཁུལ་དེར་ཡོད་པའི་ཡེ་ཤུའི་ལྷ་ཁང་དང་། ཁ་ཆེའི་ཕྱག་ཁང་བཅས་པའི་ནང་གནས་གཟིགས་ཕེབས་པ་སོགས་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་རེད།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎