གཞིས་ལུས་རྒྱ་ཆེ་མི་མང་ཚོའི་ཚབ་བྱེད་ཐུབ་པ་བྱེད་དགོས།

༧གོང་ས་མཆོག་གིས་པོའོ་ལན་ཊི
༧གོང་ས་མཆོག་གིས་པོའོ་ལན་ཊི (པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས།)

བྱེས་སུ་ཡོད་པའི་བོད་མི་ཚོས་གཞིས་ལུས་རྒྱ་ཆེ་མི་མང་གི་ཚབ་བྱེད་ཐུབ་པ་གནང་དགོས་ཅེས་༧གོང་ས་མཆོག་གིས་པོའོ་ལན་ཊིར་གནས་བཞུགས་བོད་མི་ཚོར་བཀའ་སློབ་བསྩལ་གནང་མཛད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་༡༠ཚེས༢༣ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། པོའོ་ལན་ཊི་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་བའི་ནང་ ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་༥༥ཙམ་ཕྱིན་ཡོད་པ་དང་། བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་ཚོ་ཧ་ཅང་དཀའ་སྡུག་འོག་གནས་བཞིན་ཡོད་ཀྱང་། བོད་མི་རིགས་ཀྱི་ལ་རྒྱ་དང་། སྙིང་སྟོབས་ལ་ཞུམ་པ་མེད་པར་གནས་བཞིན་པ་འདི་ཧ་ལས་དགོས་པ་ཞིག་ཡིན། གཞིས་ལུས་རྒྱ་ཆེའི་མང་ཚོགས་རྣམས་བདེ་ཞིང་སྐྱིད་པ་ཞིག་ཡོད་ན་ང་ཚོར་རྒྱ་ནག་གཞུང་ལ་ཤོད་རྒྱུ་གང་ཡང་མེད། འོན་ཀྱང་བོད་ནང་གི་བོད་མི་ཚོས་རང་སྲོག་ཚུན་ཆད་བློས་གཏོང་དགོས་པའི་དཀའ་ངལ་ཧ་ཅང་ཆེ་བའི་གནས་སྟངས་འོག་གནས་བཞིན་ཡོད་པས། བྱེས་སུ་ཡོད་པའི་བོད་མི་ཚོས་གཞིས་ལུས་རྒྱ་ཆེ་མི་མང་གི་ཚབ་བྱེད་ཐུབ་པ་གནང་དགོས་ཅེས་བཀའ་སློབ་སྩལ་གནང་མཛད་ཡོད་འདུག

ད་དུང་༧གོང་ས་མཆོག་གིས། ང་ཚོས་རྒྱལ་རབས་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱས་སྐབས། ང་ཚོར་ངོམས་སུ་ཆོག་པའི་རིག་གཞུང་ཡོད། བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་རིག་གཞུང་དང་། དེ་བཞིན་བོད་སྨན་ལྟ་བུར་མཚོན་ནའང་མི་ཚོས་ཧ་ཅང་དོ་སྣང་བྱེད་བཞིན་ཡོད་། སྤྱིར་ཆོས་བྱེད་དགོས་བརྗོད་སྐབས་གྲྭ་པ་དང་ཨ་ནེའི་ལས་ཀ་རེད་བསམ་པ་དེ་འདྲ་སྲོལ་རྒྱུན་ནས་ཡོང་ཡོད། ངོས་ཀྱིས་བོད་རིགས་དང་སོག་རིགས་རྣམས་ལ་གྲྭ་པ་ཙམ་མ་ཟད། མི་སྐྱ་ཚོས་ཀྱང་ནང་ཆོས་ལ་སློབ་གཉེར་བྱས་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་སྐོར་བརྗོད་བཞིན་ཡོད་ཅེས་སོགས་གསུངས་ཡོད་འདུག