ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐོབ་པར་༧གོང་ས་མཆོག་གིས་འཚམས་འཕྲིན་བསྩལ་འདུག
ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་ཁེ་ན་ཌའི་སྲིད་བློན་(Justin Trudeau)་གྱིས་དབུ་ཁྲིད་པའི་གུ་ཡངས་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་འཚམས་འདྲིའི་གསུངས་འཕྲིན་བསྩལ་འདུག
- 2021-09-22
-
-
-
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་སྲིད་བློན་ (Justin Trudeau)་ལགས་ཀྱིས་དབུ་ཁྲིད་པའི་གུ་ཡངས་ཆབ་སྲིད་ཚོགས་པར་འདི་ཚེས་༢༡་ཉིན་རྒྱལ་ཡོངས་འོས་བསྡུའི་སྐབས་རྒྱལ་ཁ་ཐོབ་པར། ཁེ་ན་ཌའི་སྲིད་བློན་གྱི་མཚན་ཐོག་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་མཛད་འདུག
གསུང་འཕྲིན་གྱི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་བའི་དུས་སྐབས་འདིར། སྲིད་བློན་མཆོག་གིས་དབུ་ཁྲིད་པའི་འོག་ཐུགས་འགན་བཞེས་ཕྱོགས་ཐད་ལེགས་གསོ་དང་། ལྷག་པར་ཁེ་ན་ཌས་འཛམ་གླིང་ནང་གི་དཀའ་ངལ་ཡོད་པའི་མི་མང་པོ་ཞིག་ལ་ཕན་སེམས་ཀྱི་ཀུན་ནས་བླངས་ཏེ་རོགས་སྐྱོར་གནང་བའི་སྲིད་བྱུས་ཐུགས་མོས་ཆེན་པོ་གནང་གི་ཡོད་པ་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༢༠༠༥་ལོར་ཁེ་ན་ཌའི་ཆེ་བསྟོད་མི་སེར་གྱི་གནས་བབས་ཕུལ་ཞིང་། ཕྱི་ཚེས་༢༢་ཉིན་ཁེ་ན་ཌའི་སྲིད་བློན་ལ་བསྩལ་བའི་གསུང་འཕྲིན་གྱི་ནང་། ཁེ་ན་ཌའི་གཞུང་དང་མི་དམངས་ཀྱིས་གཞན་ལ་ཕན་སེམས་དང་རོགས་འདེགས་ཀྱི་བྱ་བཞག་སྤེལ་བཞིན་པ་དེ་དག་ལ་དམིགས་བསལ་ཐུགས་སྤོབས་འཁྲུངས་པ་ཞིག་ཡོང་གི་ཡོད་པ་བཀའ་གནང་འདུག
ད་དུང་གསུང་འཕྲིན་ནང་མུ་མཐུད་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌའི་ནང་ལན་མང་ཆིབས་བསྒྱུར་བསྐྱངས་གནང་མཛད་སྐབས། ཁེ་ན་ཌའི་མི་མང་རྣམས་ཀྱིས་མཛའ་གྲོགས་དང་བརྩེ་བའི་འདུ་ཤེས་ཀྱི་རྣམ་འགྱུར་བསྟན་པ་འདི་དག་ལ་ཐུགས་ཡི་རངས་ཆེན་པོ་གནང་གི་ཡོད་པར་མ་ཟད། ཁྱེད་ཀྱི་ཕ་དམ་པ་སྲིད་བློན་ཡིན་པའི་སྐབས་ནས་ཁེ་ན་ཌའི་ནང་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་སྤོ་བཞུད་བྱུང་ཐུབ་པར་ད་རེས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ། དེ་བཞིན་ཁེ་ན་ཌའི་ནང་གནས་སྡོད་བོད་མི་ཚོའི་ངོས་ནས་མི་རིགས་རིག་གཞུང་སྣ་མང་ལྡན་པའི་ཁེ་ན་ཌའི་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་ཞབས་འདེགས་ཞུ་བཞིན་ཡོད་པར་ངོས་འཛིན་གནང་གི་ཡོད་ཅེས་བཀའ་གནང་འདུག
ཁེ་ན་ཌའི་གཞུང་གིས་ཕྱི་ལོ་༡༩༧༠་ཐམ་པའི་ལོར་བོད་མི་༢༤༠་ཡུལ་དེར་སྐྱབས་བཅོལ་བའི་གནས་བབས་གནང་པ་དང་། དེའི་ཁོངས་ནས་ཁེ་ན་ཌའི་ནང་བོད་མི་གཞིས་སྤོས་ཐོག་མ་དེ་ཕྱི་ལོ་༡༩༧༡་ལོའི་ཕྱི་ཟླ་གསུམ་པའི་ནང་བྱུང་ཡོད་པ་རེད། དེ་ནས་རིམ་པས་ཡུལ་དེའི་ནང་བོད་མི་གནས་སྤོ་བྱེད་མཁན་ཇེ་མང་དུ་ཕྱིན་དེ་ད་ལྟའི་སྐབས་ཁེ་ན་ཌའི་ནང་བོད་མི་༩༥༠༠་ཙམ་ཡོད་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་ཚོད་དཔག་གནང་གི་འདུག
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།