༧གོང་ས་མཆོག་གིས་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་གནང་བ།


2016.06.20
༧གོང་ས་མཆོག་གིས་ཨ་མི་རི་ཀའི་ལྷོ་ཁེ་ལི་ཕོར་ནི་ཡར་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་གནང་སྐབས། ༢༠༡༦།༦།༡༩ ༧གོང་ས་མཆོག་གིས་ཨ་མི་རི་ཀའི་ལྷོ་ཁེ་ལི་ཕོར་ནི་ཡར་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་གནང་སྐབས། ༢༠༡༦།༦།༡༩
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་མི་རི་ཀའི་ལྷོ་ཁེ་ལི་ཕོར་ནི་ཡའི་Orange County་རྫོང་གི་གྲོང་ཁྱེར་Garden Grove་ནང་བོད་མི་ཚོར་མཇལ་ཁ་གནང་བའི་སྐབས། ཉེ་ཆར་འོས་བསྡུའི་སྐབས་སུ་ཐལ་འཚུབ་ཏོག་ཙམ་རྒྱབ་སོང་ཡང་ད་ལྟ་ལྷིང་འཇགས་བྱུང་ཡོད་ལུགས་བཀའ་གནང་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ཁུལ་དུ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་པའི་རྗེས་ཁ་སྔོན་ཕྱི་ཚེས་༡༦་ཉིན་ཨ་མི་རི་ཀའི་ཁེ་ལི་ཕོར་ནི་ཡ་མངའ་ཁུལ་དུ་ཆིབས་བསྒྱུར་བསྐྱང་གནང་སྟེ་ཁེ་ལི་ཕོར་ནི་ཡའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་མཇལ་འཕྲད་ལ་སོགས་པའི་ཆོས་འབྲེལ་གྱི་མཛད་འཕྲིན་རིམ་པ་བསྐྱངས་གནང་ཡོད་པ་རེད། ཕྱི་ཚེས་༡༩་འམ་ཁ་ས་རེས་གཟའ་ཉི་མའི་ཉིན། གྲོང་ཁྱེར་Garden Grove་ནང་བོད་མི་ཚོར་མཇལ་འཕྲད་གནང་བའི་སྐབས་༧གོང་ས་མཆོག་གིས། དེར་འདུས་བོད་མི་ཚོར་ང་ཚོའི་ཆབ་སྲིད་ཀྱི་ཐོག་ནས་ཆ་བཞག་ན་རྒྱ་ནག་ནང་འགྱུར་བ་ཏན་ཏན་འགྲོ་གི་རེད། ང་ཚོ་བོད་པ་ཚོར་ཆ་བཞག་ན་ང་ཚོ་མང་གཙོའི་ལམ་གྱི་ཐོག་གཏན་འཁེལ་ཏེ་འགྲོ་བཞིན་ཡོད། བར་སྐབས་ང་ཚོས་འོས་བསྡུའི་ལས་རིམ་སྐབས་ཨ་རི་དང་རྒྱ་གར་གྱི་ཆབ་སྲིད་པ་ཚོའི་ལད་བཟློས་ལྟ་བུ་བྱས། སྐབས་དེར་ཐལ་འཚུབ་ཏོག་ཙམ་ལངས་སོང་སྟེ་ད་ཆ་ཐལ་འཚུབ་ཕྲན་བུ་འཇགས་པ་ཡོད། ད་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས། ངོས་རང་ཆ་བཞག་ན་ཉེ་སྔོན་སྨན་བཅོས་ལ་ཕྱིན་རྗེས་སྨན་པས་གཟུགས་པོའི་མ་རྩ་ཧ་ཅང་ཡག་པོ་འདུག་ཟེར་བྱུང་། སྨན་བཅོས་བྱེད་རྒྱུ་ལས་སླ་པོ་བྱུང་། ངོས་རང་བདེ་ཐག་ཆོད་ཡོད། ན་ནིང་ངོས་རང་རྒྱ་མིའི་སྨན་པ་ཞིག་གིས་ངོས་ཀྱི་རྩ་དང་གདོང་ལ་བལྟས་ནས་ཞིབ་འཇུག་བྱས་རྗེས་ཕྱོགས་བསྡོམས་དེར་རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་བཞུགས་པ་ལ་ཐེ་ཚོམ་མི་འདུག་ཅེས་བརྗོད་བྱུང་སྐོར་བཀའ་གནང་ཡོད་པ་རེད།    
དེ་བཞིན་དངོས་གནས་དྲང་གནས་ངོས་རང་གི་ཉམས་མྱོང་རང་གི་ཐོག་ནས་སེམས་ཀྱི་ཞི་བདེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག སེམས་ཀྱི་ཞི་བདེ་ཡོད་ན་སེམས་ལྷོད་ལྷོད་བསྡད་ཐུབ་རྒྱུ། དེར་གཞན་ཕན་གྱི་བྱང་ཆུབ་སེམས་ཞེས་པས་ཧ་ཅང་ཕན་གྱི་འདུག རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟེར་བའི་ལྟ་བས་ཧ་ཅང་ཕན་ཐོགས་འདུག གང་ལྟར་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཁམས་ཤེས་པའི་ཐོག་ནས་རྣམ་རྟོག་འདྲ་མིན་སྐྱེས་སྐབས་དེར་གཉེན་པོ་བསྟེན་སྟངས་ཤེས་སྐབས་དེས་སེམས་ཀྱི་ཞི་བདེ་ཡོང་བར་གཙོ་བོ་དེས་ཕན་ཐོགས་ཡོང་བཞིན་འདུག སེམས་ཀྱི་ཞི་བདེ་བྱུང་ན་གཟུགས་པོའི་གཞོན་ཤ་དོད་པོ་ཡོང་རྒྱུ་རེད་ཅེས་གསུངས་ཡོད།
ད་དུང་བོད་མི་ཚོས་ཡ་རབས་བཟང་སྤྱོད་དང་མཐུན་སྒྲིལ་གནང་དགོས་བ་སོགས་བཀའ་གནང་ཡོད་པ་རེད། ད་དུང་༧གོང་ས་མཆོག་གི་སྐུ་ཉིད་ཀྱི་སྐུ་གཟུགས་འཕྲོད་བསྟེན་ཡག་པོ་ཡོད་ལུགས་དང་། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་མི་རབས་གསར་པ་ཚོར་བོད་མིའི་བྲོ་བ་དང་། ཞག་ཚི་ཡོད་པ་བཟོ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་སོགས་བཀའ་སློབ་རིམ་པ་གནང་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁེ་ལི་ཕོར་ནི་ཡ་མངའ་ཁུལ་ནང་གི་མཛད་འཕྲིན་ཁག་སྒྲུབ་པའི་རྗེས་ཨ་རིའི་Utah་མངའ་སྡེའི་Salt lake་གྲོང་ཁྱེར་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་དབྱངས་སྒྲོལ་དང་ཕྲ་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎