༸གོང་ས་མཆོག་གིས་ལོ་གསར་ཚེས་བཅུའི་ཉིན་སྲིད་སྐྱོང་ལ་གཟིམ་ཆུང་མཇལ་ཁ་བསྩལ་བ།
བོད་མིའི་སྒྲིག་འཛུགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར། སྤྱི་ལོ་ ༢༠༢༤ ལོའི་སྤྱི་ཟླ་ ༢ པའི་ཚེས་ ༡༩ ཉིན་ཏེ། བོད་ཤིང་འབྲུག་ལོ་གསར་ཚེས་ ༡༠ གཟབ་གསོལ་སྐབས། སྔར་སྲོལ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོན་ནམས་བསྟན་འཕེལ་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞོན་བསྟན་འཛིན་ལུང་རྟོགས་ལགས། དེ་བཞིན་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་དང་། བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་བཅས་ལ་དམིགས་བསལ་མཇལ་ཁ་བསྩལ་འདུག་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། བཀའ་ཤག་སྐབས ༡༦ པའི་ལོ་གཉིས་དང་ཕྱེད་ཀའི་ལས་བསྡོམས་སྙིང་བསྡུས་ཤིག་མགོན་པོ་གང་ཉིད་མཆོག་ལ་སྙན་འབུལ་ཞུས་འདུག
འདི་གའི་གསར་འགོད་པས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འདས་པའི་ལོ་ངོ་གཉིས་དང་ཕྱེད་ལའི་རིང་། བཀའ་ཤག་སྐབས་ ༡༦ པའི་ངོས་ནས་ལས་དོན་ཆེ་ཤོས་གང་བསྒྲུབས་ཡོད་དམ་ཞེས་བཅར་འདྲི་ཞུས་པར། འཛིན་སྐྱོང་དང་འབྲེལ་བའི་ལས་དོན་མང་དག་ཅིག་བསྒྲུབས་དང་སྒྲུབ་མུས་ཡིན་པ་དང་། ཆབ་སྲིད་ཀྱི་ཐོག་ནས་བཤད་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལོ་རྒྱུས་ཐོག་ནས་བོད་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་གྱིས། ཨ་རིའི་གྲོས་ཚོགས་ནང་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའི་གནས་བབ་ཀྱི་ཉན་ཞིབ་ཐེངས་དང་པོ་གནང་བ་དེ་དག་ནི་བཀའ་ཤག་སྐབས་ ༡༦ པའི་ཆབ་སྲིད་ལས་དོན་བསྒྲུབས་པའི་རྗེས་འབྲས་ཤིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་བྱུང་།
བོད་ཟླ་ ༡ ཚེས་ ༡༠ ཉིན་ཚོགས་སྲོལ་ཡོད་པའི་གཞུང་འབྲེལ་ཚེས་བཅུ་གཟབ་གསོལ་གྱི་སྐབས་གནས་ཆུང་ཆོས་རྒྱལ་ཆེན་མོ་གཙོས་པའི་གཞུང་བསྟེན་ཆོས་སྐྱོང་རྣམས་འདུ་འཛོམས་ཐོག་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་པ་བཞིན། ད་རེས་ཕོ་བྲང་དུ་ཚེས་བཅུ་གཟབ་གསོལ་མཛད་སྒོའི་ཐོག་གནས་ཆུང་ཆོས་རྒྱལ་ཆེན་མོ་མཆོག་གིས། བོད་མི་ཚང་མ་ཆིག་སྒྲིལ་དགོས་གལ་ཆེ་བའི་སྐོར་བཀའ་ལུང་ཕེབས་ཡོད་འདུག
གཞན་ཡང་རིང་མིན་སྤྱི་ཟླ་ ༢ པའི་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བེལ་ཇམ་ཚུད་པའི་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་གཏན་འཁེལ་འདུག་ལ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཀྱང་བེལ་ཇམ་དུ་ཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་ཐོག་ལྷན་ཞུགས་གནང་གཏན་འཁེལ་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།