བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཅན་རྡེ་སྒར་གཙུག་ལག་སློབ་ཆེན་དུ་བཀའ་སློབ་བསྩལ།


2019.10.15
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཅན་རྡེ་སྒར་གཙུག་ལག་སློབ་ཆེན་དུ་བཀའ་སློབ་སྩལ་སྐབས། ༢༠༡༩།༡༠།༡༥ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཅན་རྡེ་སྒར་གཙུག་ལག་སློབ་ཆེན་དུ་བཀའ་སློབ་སྩལ་སྐབས། ༢༠༡༩།༡༠།༡༥
RFA

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ཁབ་ལ་གནའ་བོའི་རིག་གཞུང་བཟང་པོ་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་བྱས་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ་པའི་ནུས་པ་ཡོད་ཅེས་རྒྱ་གར་པན་ཇབ་མངའ་སྡེའི་ནང་གི་ཅན་རྡེ་སྒར་གཙུག་ལག་སློབ་ཆེན་དུ་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ནང་གི་ཅན་རྡེ་སྒར་གཙུག་ལག་སློབ་ཆེན་གྱིས། དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ནང་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་དགོས་གལ་ཆེ་བའི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་སྐྱོང་བའི་གསོལ་འདེབས་ཞུས་དོན་ལྟར། ཟླ་བ་འདིའི་སྤྱི་ཚེས་༡༥ཉིན་གྱི་སྔ་དྲོར་ཅན་རྡེ་སྒར་གཙུག་ལག་སློབ་ཆེན་གྱིས་སྲོལ་རྒྱུན་གྱི་ལམ་ནས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཞུས་པའི་རྗེས། གཙུག་ལག་སློབ་ཆེན་ཀྱི་ཉེ་བའི་རིགས་བདག་སློབ་དཔོན་འབུམ་རམས་པ་(R.S Bawa)་གཙོས་པའི་དགེ་ལས་སློབ་ཕྲུག་སོགས་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་སར་༧གོང་ས་མཆོག་གིས། འགྲོ་བ་མིའི་ལྷན་སྐྱེས་རང་གཤིས་ལ་བྱམས་བརྩེའི་རྨང་གཞི་ཡོད་པ་མ་ཟད། འཛམ་གླིང་འདིའི་ནང་གི་ཆོས་ལུགས་ཁག་ལ་ལྟ་གྲུབ་མི་འདྲ་བ་ཡོད་ནའང་། ཚང་མས་བྱམས་བརྩེ་དང་། ཕན་སེམས་ཀྱི་བཟང་པོའི་བསླབ་བྱ་གཅིག་མཚུངས་འཁྱེར་གྱི་ཡོད་པ་བཀའ་ཕེབས་པ་དང་འབྲེལ། ད་ལྟ་ཡོད་བཞིན་པའི་དེང་དུས་ཀྱིས་ཤེས་ཡོན་སློབ་གསོའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ལ་ཤུགས་ཆེན་དམིགས་སྡོད་པ་ལས་ནང་སེམས་ཀྱི་ཞི་བདེ་དང་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་སློབ་གསོའི་རིགས་དཀོན་པོ་ཡིན་པ་མ་ཟད། དེང་གི་ཤེས་ཡོན་དེ་དབྱིན་ཇི་གཙོ་བོར་གྱུར་བའི་ནུབ་ཕྱོགས་པས་ཐོག་མར་སྲོལ་གཏོད་གནང་ཡོད་པར་བརྟེན། ཁོང་ཚོར་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་དང་སེམས་ཚོར་སོགས་དང་འབྲེལ་བའི་གོ་རྟོག་དེ་ཙམ་མེད་པ་རེད། འོན་ཀྱང་། རྒྱ་གར་རྒྱལ་ཁབ་ནང་ལ་མི་ལོ་༢༠༠༠་གོང་ནས་ནང་སེམས་ཀྱི་རིན་ཐང་དང་འཚེ་བ་མེད་པའི་སྐོར་གསལ་སྟོན་བྱས་ཡོད་པས། རྒྱ་གར་རྒྱལ་ཁབ་ལ་གནའ་བོའི་རིག་གཞུང་བཟང་པོ་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་བྱས་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ་པའི་ནུས་པ་ཡོད་པ་བཀའ་སྩལ་ཡོད་པ་རེད།
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ནལེཎྜའི་རིག་གཞུང་བཟང་པོ་དེ་དག་ནི་འཕགས་པ་མགོན་པོ་ཀླུ་སྒྲུབ་ཚུད་པའི་ནལེཎྜའི་མཁས་པའི་དབང་པོ་དེ་དག་གིས་སངས་རྒྱས་བཅོམ་འདས་ལྡན་གྱི་བཀའ་རྣམས་ལ་མཐར་ཕྱིན་པ་ཞིབ་འཇུག་བྱས་ཡོད་པ་མ་ཟད། བཅོམ་འདས་ལྡན་རང་ཉིད་ཀྱིས་ཀྱང་འདི་ངོས་ཀྱི་བཀའ་རེད་ཅེས་རྗེས་སུ་མི་འབྲང་པར་དེར་བརྟག་དཔྱད་ངེས་པར་དུ་བྱེད་དགོས་པའི་སྐོར་བཀའ་གནང་ཡོད་རེད་ཅེས་དང་། ངོས་རང་བོད་རིགས་ཤིག་ཡིན་པའི་ཐོག་ནལེཎྜའི་ཆོས་བརྒྱུད་ཀྱི་སློབ་མ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ལ། ངོས་རང་ཆུང་ཆུང་སྐབས་ནས་ཚད་མ་རིག་པ་དང་འབྲེལ་བའི་ནལེཎྜའི་ཆོས་བརྒྱུད་ལ་སློབ་གཉེར་བྱས་ཡོད་པའི་རྐྱེན་གྱིས། ད་ཆ་ངོས་ཀྱིས་རིག་པ་དེ་ཡང་རྣོ་བོ་དང་གྲུང་པོ་ཡོད་པ་བཀའ་ཕེབས་སོང་།
འདི་ལོར་ཅན་རྡེ་སྒར་གཙུག་ལག་སློབ་ཆེན་ཚུད་པའི་རྒྱ་གར་རྒྱལ་ཡོངས་ནང་སིཀ་ཆོས་ལུགས་རྗེས་འབྲང་པ་ཚོས། སིཀ་ཆོས་ལུགས་ཀྱི་སྲོལ་འབྱེད་གུ་རུ་ནཱ་ནཀ་སྐུ་གཤེགས་ནས་ལོ་ ༥༥༠་འཁོར་བའི་རྗེས་དྲན་གྱི་ལོ་ཞེས་དུས་དྲན་སྲུང་རྩིས་ཞུ་བཞིན་ཡོད་པ་དང་བསྟུན། གཙུག་ལག་སློབ་ཆེན་དེ་ཉིད་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ཆེ་བསྟོད་ཀྱིས་རྒྱལ་སྤྱིའི་ཆོས་ཀྱི་དབུ་ཁྲིད་ཅེས་པའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་རེད།
ཡང་སྐབས་དེར་མགོན་པོ་གང་ཉིད་ནས་སློབ་ཆེན་དེའི་ནང་སློབ་གཉེར་གནང་བཞིན་བོད་རིགས་སློབ་མ་ཁག་ཅིག་ལ་ཟུར་དུ་བཀའ་སློབ་གནང་བའི་སྐབས། རྒྱུན་དུ་བོད་སྐད་དང་བོད་ཡིག་ལ་དོ་སྣང་དགོས་ཆེ་བའི་བཀའ་ཕེབས་ཡོད་ཅིང་། སློབ་མ་ཡེ་ཤེས་རྡོ་རྗེས་ལགས་ཀྱིས། ༧གོང་ས་མཆོག་གིས་བཀའ་གནང་བ་བཞིན་བོད་ཀྱི་སྐད་ཡིག་ཐོག་ལ་སྔར་ལས་ལྷག་པའི་དོ་སྣང་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་འདུག
སློབ་ཆེན་དེའི་ནང་བོད་རིགས་སློབ་མ་༢༦་ཡོད་འདུག་ཅིང་། སློབ་མ་པདྨ་ཆོས་སྐྱིད་ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་ནི་བོད་ཀྱི་རིག་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པ་ཆགས་ཀྱི་ཡོད་པར་བརྟེན། ང་ཚོ་བོད་ཕྲུག་ཚོའི་ངོས་ནས་དམིགས་བསལ་གྱིས་དོ་སྣང་གིས་ཁྱབ་སྤེལ་གཏོང་རྒྱུ་གལ་ཆེ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་༧གོང་ས་མཆོག་གིས་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ནང་ཉིན་གཉིས་རིང་གི་མཛད་འཕྲིན་ཁག་གྲུབ་རྗེས། ཅན་རྡེ་སྒར་ནས་པན་ཇབ་མངའ་ཁོངས་ཀྱི་(Nangal)་ཞེས་པའི་གྲོང་ཁྱེར་དེར་ཆིབས་ཐོན་མཛད་རྒྱུ་ཡིན་པ་དང་། སྤྱི་ཚེས་༡༦་ཉིན་ཕྱིར་བཞུགས་སྒར་རྡ་སར་ཆིབས་ཐོན་མཛད་རྒྱུ་ཡིན་པ་རེད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎